ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཀུན་ཕན་དངུལ་རྩ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར》ཞེས་པ་དངོས་སུ་པར་འགྲེམས་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། མ་འོངས་པའི་ལོ་ལྔའི་ནང་སྤུས་ཚད་མཐོ་བའི་ཀུན་ཕན་དངུལ་རྩའི་མ་ལག་གཞི་རྩའི་ཆ་ནས་བསྐྲུན་ཐུབ་པར་བྱས་ནས། རྨང་གཞིའི་དངུལ་རྩའི་ཞབས་ཞུ་སྔར་ལས་ཁྱབ་བརྡལ་དུ་གཏོང་བ་དང་། ཚོང་གཉེར་རང་བདག་གི་མ་རྩ་བསྡུ་སྒྲིལ་བྱས་པ་སྔར་ལས་སྟབས་བདེ་ཡིན་པ། དངུལ་རྩས་གྲོང་གསེབ་དར་སྤེལ་གཏོང་རྒྱུར་སྔར་ལས་ནུས་པ་འདོན་པ། དངུལ་རྩའི་འཛད་སྤྱོད་པའི་སློབ་གསོ་དང་སྲུང་སྐྱོབ་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ། དངུལ་རྩའི་ཉེན་ཁ་འགོག་སྡོམ་སྔར་ལས་ནུས་ལྡན་ཡིན་པ། ཀུན་ཕན་དངུལ་རྩའི་ལམ་སྲོལ་སྔར་ལས་འཐུས་ཚང་ཡིན་པ་བཅས་ཀྱི་དམིགས་འབེན་མངོན་འགྱུར་གང་ལེགས་བྱེད་དགོས་པའི་བླང་བྱ་བཏོན།
《ལག་བསྟར་བསམ་འཆར》ལས། ཀུན་ཕན་དངུལ་རྩའི་གཙོ་གནད་ཁྱབ་ཁོངས་ཀྱི་ཐོན་རྫས་ཞབས་ཞུ་ཇེ་ལེགས་སུ་གཏོང་བ་དང་། རིམ་པ་མང་བའི་ཀུན་ཕན་དངུལ་རྩའི་ལས་ཁུངས་རྩ་འཛུགས་མ་ལག་སྔར་ལས་འཐུས་སྒོ་ཇེ་ཚང་དུ་གཏོང་བ། གཙོ་གནད་ཁྱབ་ཁོངས་ཀྱི་དངུལ་རྩའི་ཉེན་ཁ་སྔོན་འགོག་དང་སེལ་རྒྱུར་ཤུགས་སྣོན་པ། དངུལ་རྩའི་བྱང་ཚད་མཐོ་རུ་གཏོང་བ་དང་འཛད་སྤྱོད་པའི་སྲུང་སྐྱོབ་ལ་ཤུགས་སྣོན་པ། རྩ་འཛུགས་ཀྱི་འགན་ལེན་ལ་ཤུགས་སྣོན་པ་བཅས་བྱས་ནས། སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་དང་ཕན་འབྲས་དངོས་ཐོན་པར་འགན་ལེན་བྱེད་དགོས་ཞེས་བཏོན་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།