ཧན་ཀྲིན་གྱིས་སུའེ་ཏེན་གྱི་དབྱིན་རོས་ཏ་སྡེ་ཚོགས་ཏུང་ཧྲི་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཝ་ལུན་པའོ་ལ་མཇལ་འཕྲད་གནང་།
2023.10.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཟླ་བཅུ་པའི་ཚེས་བཅུ་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ། སུའེ་ཏེན་གྱི་དབྱིན་རོས་ཏ་སྡེ་ཚོགས་ཏུང་ཧྲི་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཝ་ལུན་པའོ་ལ་མཇལ་འཕྲད་གནང་།

ཧན་ཀྲིན་གྱིས་ད་ལོར་ཀྲུང་གོའི་དཔལ་འབྱོར་སྤྱིའི་ཆ་ནས་ཇེ་ལེགས་སུ་ཕྱིན་ཏེ། ལོ་ཧྲིལ་པོའི་དཔལ་འབྱོར་འཕར་སྣོན་གྱི་སྔོན་དཔག་དམིགས་འབེན་མངོན་འགྱུར་བྱ་ཐུབ་ངེས་ཡིན། ཀྲུང་གོས་བཅོས་སྒྱུར་སྒོ་འབྱེད་རྒྱུན་འཁྱོངས་བྱེད་པའི་གཞི་རྩའི་རྒྱལ་ཇུས་ལ་འགྱུར་ལྡོག་གཏོང་མི་སྲིད་པས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་དངོས་ཀྱི་ཁྲོད་དུ། ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་ནས། ཀྲུང་གོ་དང་ཡོ་རོབ་བར་དང་ཀྲུང་གོ་དང་སུའེ་ཏེན་བར་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་འཕེལ་རྒྱས་ཀྱི་བར་སྟོང་སྔར་ལས་ཆེན་པོན་བསྐྲུན་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་སུའེ་ཏེན་ཕྱོགས་དང་མཉམ་དུ། ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས། འདྲ་མཉམ་གཉིས་ཕན་བཅས་ཀྱི་རྨང་གཞིའི་སྟེང་འབྲེལ་གཏུག་ལ་ཤུགས་སྣོན་པ་དང་མི་མཐུན་པའི་ཆ་ཐག་གཅོད་འོས་འཚམ་བྱས་ཏེ། ཕྱོགས་གཉིས་ཀའི་འབྲེལ་བ་ཡང་དག་པའི་ཕྱོགས་སུ་བརྟན་པོའི་ངང་འཕེལ་བར་སྐུལ་འདེད་གཏོང་འདོད་ཡོད། སྐུ་ཞབས་ཝ་ལུན་པའོ་ཡིས་མཚོན་པའི་སུའེ་ཏེན་གྱི་བཟོ་ཚོང་ལས་རིགས་ཀྱིས་མུ་མཐུད་དུ་ལེགས་ཆ་མུ་མཐུད་འདོན་སྤེལ་གང་ལེགས་བྱས་ནས། ཀྲུང་གོ་དང་ཡོ་རོབ་བར་གྱི་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་པ་དང་ཐོན་ལས་ཕྲེང་འབྲེལ་བརྟན་པོ་ཡོང་བར་སྲུང་སྐྱོབ་བྱ་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུའི་རེ་ལྟོས་ཡོད་ཅེས་གསུངས།

ཝ་ལུན་པའོ་ཡིས་སུའེ་ཏེན་དང་ཡོ་རོབ་མནའ་འབྲེལ་དང་ཀྲུང་གོའི་བར་བརྟན་ལྷིང་གི་འབྲེལ་བ་བཟང་བོ་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ནས། ཡོ་རོབ་དང་ཨ་མེ་རི་ཁའི་བར་གྱི་སྐད་ཆ་བཤད་རེས་ལ་སྐུལ་འདེད་གཏོང་ཐབས་སྔར་ལས་གང་མང་བཙལ་ནས། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱ་རྒྱུའི་རེ་ལྟོས་ཡོད་ཅེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།