ཏེན་ཞུའེ་ཞང་གིས་འཇར་མན་ཏ་ཀྲུང་རླངས་འཁོར་སྡེ་ཚོགས་དོ་དམ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞིར་མཇལ་འཕྲད་གནང་།
2023.10.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

ཟླ་བཅུ་པའི་ཚེས་བཅུ་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་པེ་ཅིང་དུ། འཇར་མན་ཏ་ཀྲུང་རླངས་འཁོར་སྡེ་ཚོགས་དོ་དམ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཨའོ་པོ་མུའུ་ལ་མཇལ་འཕྲད་གནང་།

ཏེན་ཞུའེ་ཞང་གིས་ཀྲུང་གོ་དང་འཇར་མན་གྱི་དཔལ་འབྱོར་ལ་གསབ་རེས་རང་བཞིན་ཆེ་བ་དང་མཉམ་ལས་ཀྱི་མདུན་ལྗོངས་རྒྱ་ཆེན་པོ་ལྡན། རྒྱལ་ཁབ་གཉིས་ནི་འཛམ་གླིང་གི་དཔལ་འབྱོར་དངོས་ཕུང་གལ་ཆེན་དང་འགན་འཁུར་བའི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པའི་ཆ་ནས་མཉམ་དུ་ལག་གདང་སྦྲེལ་ཏེ། ཚོང་དོན་དངུལ་གཏོང་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་ནུས་ལྡན་བཏང་ནས། འཛམ་གླིང་ཡོངས་ཀྱི་ཐོན་ལས་ཕྲེང་འབྲེལ་བརྟན་པོ་ཡོང་བར་བྱེད་པ་དང་བདེ་འཇགས་ཡོང་བར་སྲུང་སྐྱོབ་བྱས་ནས། འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་དང་དཔལ་འབྱོར་བཅོས་སྐྱོང་གི་ཐད་དུ་ལེགས་སྐྱེས་འབུལ་དགོས། ཀྲུང་གོས་སྒོ་མོ་འབྱེད་རྒྱ་སྔར་ལས་ཇེ་ཆེར་གཏོང་ངེས་ཡིན་ལ། ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་ཀར་རླངས་འཁོར་ཁྱབ་ཁོངས་ཁྲོད་མཉམ་ལས་བྱེད་པའི་མདུན་ལམ་ཧ་ཅང་རྒྱ་ཆེན་པོ་ཡོད། ང་ཚོས་ཏ་ཀྲུང་སྡེ་ཚོགས་དང་བཅས་པའི་ཕྱི་རྒྱལ་གྱི་མ་དངུལ་གཏོང་བའི་ཁེ་ལས་ཀྱིས་ཀྲུང་གོར་མ་དངུལ་བཏང་ནས། ལས་རིགས་དར་རྒྱས་གཏོང་བར་ཁོར་ཡུག་དང་ཆ་རྐྱེན་སྔར་ལས་ཡག་པོ་མཁོ་འདོན་བྱེད་འདོད་ཡོད་ཅིང་། ཏ་ཀྲུང་སྡེ་ཚོགས་ཀྱིས་མུ་མཐུད་དུ་ལེགས་ཆ་འདོན་སྤེལ་དང་ཀྲུང་གོར་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས། མཉམ་ལས་གཉིས་ཕན་ཁྲོད་རང་ངོས་འཕེལ་རྒྱས་སྔར་ལས་ཆེ་བ་ཡོང་བར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས།

ཨའོ་པོ་མུའུ་ཡིས་ཀྲུང་གོ་ཕྱོགས་ཀྱིས་ཏ་ཀྲུང་སྡེ་ཚོགས་ཀྱི་ལས་དོན་ཀྲུང་གོ་རུ་འཕེལ་རྒྱས་གཏོང་བའི་ཐད་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་ཐུགས་རྗེ་ཆེ་ཞུས་ནས། ཏ་ཀྲུང་སྡེ་ཚོགས་ཀྱིས་ཀྲུང་གོ་དང་ཀྲུང་གོ་མི་དམངས་བར་གྱི་མཛའ་བརྩེ་ལ་གཅེས་སྤྲས་གང་ལེགས་བྱས་ཏེ། གཙོ་གནད་ཁྱབ་ཁོངས་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས། ཀྲུང་གོའི་ཁྲོམ་ར་མུ་མཐུད་ཇེ་ལེགས་སུ་གཏོང་རྒྱུ་ཡིན་ཞེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།