ཝང་ཧུའུ་ཉིང་ཐའེ་ཝན་སྤུན་ཟླའི་ཚོགས་པའི་གླེང་སྟེགས་སྐབས་དྲུག་པ་འགོ་རྩོམ་པའི་མཛད་སྒོར་ཞུགས།
2023.10.13 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 29

ཐའེ་ཝན་སྤུན་ཟླའི་ཚོགས་པའི་གླེང་སྟེགས་སྐབས་དྲུག་པ་ཚེས་བཅུ་གཉིས་ཉིན་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གླེང་སྟེགས་འགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་དུས་རབས་གསར་བའི་ཏང་གི་ཐའེ་ཝན་གནད་དོན་ཐག་གཅོད་པའི་སྤྱིའི་ཇུས་གཞི་བློ་བརྟན་འགྱུར་མེད་སྒོས་ལག་བསྟར་བྱས་ཏེ། མཚོ་འགག་འགྲམ་གཉིས་ཀྱི་བརྗེ་རེས་མཉམ་ལས་རྒྱ་བསྐྱེད་པ་དང་། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བས་གོང་དུ་སྤེལ་བ། རྒྱ་ཆེའི་ཐའེ་ཝན་སྤུན་ཟླར་མཐུན་སྒྲིལ་བྱས་ཏེ། ལག་གདང་མཉམ་སྦྲེལ་གྱིས་མེས་རྒྱལ་གཅིག་གྱུར་དང་མི་རིགས་བསྐྱར་དར་གྱི་མཛེས་སྡུག་གི་མ་འོངས་པ་མཉམ་དུ་བསྐྲུན་དགོས་ཞེས་བསྟན།

ཝང་ཧུའུ་ཉིང་གིས་ཐའེ་ཝན་སྤུན་ཟླའི་ཚོགས་པའི་གླེང་སྟེགས་ནི་མཚོ་འགག་འགྲམ་གཉིས་ཀྱི་དམངས་ཁྲོད་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པ་དང་། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླའི་སེམས་པ་གཅིག་ཏུ་སྦྲེལ་བར་ཡར་སྐུལ་བྱེད་པའི་ལས་སྟེགས་གལ་ཆེན་ཡིན། རྒྱ་ཆེའི་ཐའེ་ཝན་སྤུན་ཟླའི་ཚོགས་པས་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་གསལ་བོར་ཤེས་པར་བྱེད་པ་དང་། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་གོང་འཕེལ་གྱི་ཁ་ཕྱོགས་ཡང་དག་སེམས་ལ་ངེས་པར་བྱས་ཏེ། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བས་གོང་དུ་སྤེལ་བར་མཉམ་དུ་སྐུལ་འདེད་གཏོང་དགོས། མཚོ་འགག་འགྲམ་གཉིས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་རམ་འདེགས་བྱས་ཏེ། ཐའེ་ཝན་སྤུན་ཟླ་སྔར་ལས་མང་བོར་སྐམ་ས་ཆེན་མོའི་དེང་རབས་ཅན་འཛུགས་སྐྲུན་གྱི་གོ་སྐབས་ཡངས་པོ་དང་གོང་འཕེལ་གྲུབ་འབྲས་ལོངས་སུ་སྤྱོད་དུ་བཅུག་ནས། རླབས་ཆེན་གྱི་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོའི་ལོ་རྒྱུས་བཅས་ལ་བཅངས་པའི་མོས་མཐུན་རྒྱུན་མ་ཆད་པར་ཇེ་དྲག་ཏུ་གཏོང་དགོས། ཐའེ་ཝན་རང་བཙན་ཞེས་པའི་ཁ་ཕྲལ་བྱེད་སྒོ་དང་ཕྱིའི་སྟོབས་ཤུགས་ཀྱི་ཐེ་གཏོགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཏེ། མཚོ་འགག་འགྲམ་གཉིས་ཀྱི་ཞི་བདེ་བརྟན་འཇགས་ལ་མཉམ་དུ་སྲུང་སྐྱོབ་བྱེད་དགོས། མི་རིགས་ཀྱི་བདེན་ལུགས་ཆེན་པོ་བརྟན་སྲུང་བྱེད་པ་དང་། ལོ་རྒྱུས་ཡང་དག་གི་ཕྱོགས་སུ་བརྟན་པོར་ལངས་ནས། དུས་ནམ་ཡང་ཟོལ་མེད་གཞུང་དྲང་གི་ཀྲུང་གོ་པ་ཞིག་བྱས་ཏེ། མེས་རྒྱལ་གཅིག་གྱུར་དང་མི་རིགས་བསྐྱར་དར་གྱི་ལོ་རྒྱུས་ཀྱི་བྱ་གཞག་རླབས་ཆེན་མཉམ་དུ་བསྐྲུན་དགོས་ཞེས་བསྟན།

ཧྲི་ཐའེ་ཧྥིན་དང་ཀྲིན་ཅན་པང་། སུའུ་ཧུའེ་སོགས་གླེང་སྟེགས་ལ་ཞུགས། ཀྲིན་ཅན་མེན་གྱིས་གླེང་སྟེགས་འགོ་བརྩམས་པར་ཤིས་ཚིག་ཕུལ། ཐའེ་ཝན་ཏང་གསར་བའི་ཀྲུའུ་ཞི་ཝུའུ་ཁྲིན་ཏེན་དང་། ཐའེ་ཝན་ངལ་རྩོལ་ཏང་གི་ཀྲུའུ་ཞི་ཝུའུ་རུང་ཡོན། ཕྱི་རྒྱལ་དུ་ཡོད་པའི་ཐའེ་ཝན་སྤུན་ཟླའི་ཚོགས་པའི་འགན་ཁུར་བའི་འཐུས་ཚབ་ཕན་ལིན་རུང་། སྐམ་ས་ཆེན་མོར་རྒྱུན་དུ་སྡོད་པའི་ཐའེ་ཝན་སྤུན་ཟླའི་ན་གཞོན་འཐུས་ཚབ་སུན་ཀྲི་ཆོན་བཅས་ཀྱིས་གཏམ་བཤད།