ཞི་ཅིན་ཕིང་དང་མཱ་ཆི་ཏོན་བྱང་མའི་ཙུང་ཐུང་གིས་ཀྲུང་མཱའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར་སུམ་ཅུ་ལོན་པར་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།
2023.10.13 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 111

ཟླ་བཅུ་པའི་ཚེས་བཅུ་གཉིས་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཱ་ཆི་ཏོན་བྱང་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཕིན་ཏ་ལོ་ཧྥུའུ་སི་ཅི་གཉིས་ཀྱིས་ཕན་ཚུན་ལ་གློག་འཕྲིན་བཏང་ནས། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ཏེ་ལོ་འཁོར་སུམ་ཅུ་ལོན་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་མཱ་ཆི་ཏོན་བྱང་མའི་བར་འབྲེལ་བ་བཙུགས་ནས་ལོ་སུམ་ཅུ་ལོན་པའི་རིང་ལ། ཕྱོགས་གཉིས་བར་གྱི་ཆབ་སྲིད་ཡིད་ཆེས་རྒྱུན་མ་ཆད་པར་ཇེ་ཟབ་ཏུ་སོང་བ་དང་། སྲོལ་རྒྱུན་མཛའ་བརྩེ་ཡུན་རིང་བོར་དར་སྤེལ་བྱས་ལ། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་རིག་གནས་བརྗེ་རེས། འཕྲོད་བསྟེན་སོགས་ཁྱབ་ཁོངས་སུ་མཉམ་ལས་ཀྱི་ཉམས་མྱོང་རྩ་ཆེན་བསགས་ནས་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པར་ངས་གཟེངས་བསྟོད་བྱེད་བཞིན་ཡོད། ངས་ཀྲུང་གོ་དང་མཱ་ཆི་ཏོན་བྱང་མའི་འབྲེལ་བ་གོང་དུ་སྤེལ་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་པ་དང་། ཙུང་ཐུང་ཕིན་ཏ་ལོ་ཧྥུའུ་སི་ཅི་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཆབ་སྲིད་ཁྲིད་སྟོན་ལ་བསྟུད་མར་ཤུགས་སྣོན་པ་དང་། ཕྱོགས་གཉིས་ཀྱི་ཡིད་ཆེས་དང་མཛའ་བརྩེ། མཉམ་ལས་བཅས་ཇེ་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་སུམ་ཅུ་ལོན་པ་འདི་གོ་སྐབས་སུ་བརྩིས་ཏེ། མཉམ་དུ་ཀྲུང་གོ་དང་མཱ་ཆི་ཏོན་བྱང་མའི་འབྲེལ་བའི་མཛེས་སྡུག་གི་མ་འོངས་པ་གསར་དུ་བསྐྲུན་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་བསྟན།

ཕིན་ཏ་ལོ་ཧྥུའུ་སི་ཅི་ཡིས་མཱ་ཆི་ཏོན་བྱང་མ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་སུམ་ཅུ་ལོན་པའི་རིང་ལ། ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་འཕེལ་རྒྱས་འཐབ་ཇུས་གདམ་ག་ལ་བརྩི་བཀུར་བྱས་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ཉིན་རེ་བཞིན་ཇེ་ཟབ་ཏུ་སོང་ཡོད། རྒྱལ་ཁབ་གཉིས་བར་དུ་གཅིག་མཚུངས་ཀྱི་ཁེ་ཕན་ཡོད་པ་དང་། མཉམ་ལས་ཀྱི་སྦས་ཤུགས་ཧ་ཅང་ཆེ། མཱ་ཆི་ཏོན་བྱང་མས་ཀྲུང་གོའི་བར་གྱི་མཉམ་ལས་ལ་ཤུགས་བསྣན་ནས། ཐུན་མོང་འཕེལ་རྒྱས་ལ་ཡར་སྐུལ་བྱས་ཏེ། མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་བཤད།