ཟླ་བཅུ་པའི་ཚེས་བཅུ་གཉིས་ཉིན་གྱི་སྔ་དྲོར། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་འཚོགས། གྲོས་ཚོགས་སྟེང་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་རྒྱལ་ཡོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་སྔར་ལས་ཟབ་མོ་བྱས་ལ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་གཏན་ལ་ཕབ་པའི་དངོས་སྒྲུབ་ཀྱི་ཕྱོགས་སྟོན་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དོན་དངོས་བྱ་སྤྱོད་དུ་བསྒྱུར་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྐྱོད་ལམ་གསར་བ་ཧུར་ཐག་གིས་འབྱེད་པར་སྐུལ་འདེད་བཏང་།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས། ཞིང་ཆེན་གྱི་འགོ་ཁྲིད་ཝང་དབྱང་དང་ཀྲའོ་ཡུའེ་ཞ། དབྱང་ཧྥ་སིན། ཝུའུ་ལ་ཙི་པེ་ཁི་རེ་སུའུ་ལེ་ཧན། པད་ཁོ། ཀྲུའུ་ཞང་ཧྥིན། ཝང་ལིས་མེན། ལིའུ་ཐའོ། ཝང་ཀྲིན་ཁྲང་། ཀྲང་ཙིག་ཅུན་བཅས་ཚོགས་འདུར་ཞུགས།
ཁྲིན་ཀང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས་ང་ཚོའི་ཏང་གིས་དུས་རབས་གསར་བའི་སྐྱོད་ལམ་གསར་བར་མཛེས་སྡུག་ཀྲུང་གོ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་འགུལ་སྐྱོད་ཀྱི་རྩ་གནད་དང་ཚན་རིག་གི་ཕྱོགས་སྟོན་འདོན་སྤྲོད་བྱས་ཡོད་ལ། དེ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་འགྲེལ་བཤད་གསར་བ་དང་གོང་འཕེལ་གསར་བ་ཡིན་པས། སློབ་སྦྱོང་ཟབ་མོ་བྱེད་པ་དང་གོ་བ་ཟབ་མོ་ལེན་པ། ལག་བསྟར་ཟབ་མོ་བྱས་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་བདེན་ལུགས་ཀྱི་སྟོབས་དང་ལག་ལེན་གྱི་སྟོབས་ཆེན་པོར་གོ་བ་ཟབ་མོ་ལེན་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་རྩོད་སྒྲུབ་རིག་པ་དང་བརྟག་ཐབས་སྨྲ་བར་རྒྱུས་ལོན་ཡང་དག་བྱས་ཏེ། མཛེས་སྡུག་ཀྲུང་གོ་འཛུགས་སྐྲུན་གྱི་མཚོ་སྔོན་གྱི་འགན་འཁྲི་བློ་ཐག་རྦད་ཆོད་ཀྱིས་ལག་བསྟར་བྱས་ནས། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་དེར་ཤུགས་སྣོན་པའི་བླང་བྱ་གལ་ཆེན་འདི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོར་སྦྲེལ་དགོས་ཞེས་བསྟན།
ཁྲིན་ཀང་གིས་སྤྱི་ཁྱབ་ཧྲུའུ་ཅིས་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་ཧ་ཅང་མཐོང་ཆེན་གནང་བཞིན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་ཡིད་ལ་བརྟན་པོར་བཅངས་ཏེ། ཁྱོན་ཡོངས་ལ་དམིགས་པ་དང་འགན་འཁྲི་ཟབ་མོར་ངེས་པར་བྱས་ཏེ། ཀྲུང་ཧྭའི་ཆུ་མཛོད་སྔར་ལས་སྲ་བརྟན་ཕུན་ཚོགས་སུ་བཏང་བ་དང་། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་སྔོན་གྲལ་དུ་བསྐྱོད་ལ། སྐྱེ་ཁམས་བདེ་འཇགས་ལྕགས་རི་བསྟུད་མར་སྲ་བརྟན་དུ་བསྐྲུན་ཞིང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མ་ཆད་པར་ཇེ་ལེགས་སུ་སོང་བ་དང་། ལྗང་མདོག་ཐཱན་ཉུང་ཚུལ་སྒྱུར་གྱི་གོམ་སྟབས་ཇེ་མགྱོགས་སུ་སོང་བ་སོགས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ཕན་འབྲས་མངོན་གསལ་བླངས་ཡོད། གྲུབ་འབྲས་འདི་དག་མཐོང་བའི་མོད་ལ། རང་ཞིང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགན་སྔར་བཞིན་ཧ་ཅང་ལྗིད་པ་དང་། ལྗང་མདོག་ཐཱན་ཉུང་ཚུལ་སྒྱུར་འཕེལ་རྒྱས་ཀྱི་འགན་འཁྲི་ཧ་ཅང་ལྕི་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་རིམ་པ་ཟབ་མོའི་གནད་དོན་ཁ་ཤས་ད་དུང་རྩ་བ་ནས་ཐག་བཅད་མེད་པ་བཅས་ཀྱང་གསལ་བོར་རྟོགས་དགོས་ཞེས་བསྟན།
ཁྲིན་ཀང་གིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་ནི་མཚོ་སྔོན་གྱི་སྐྱེ་ཁམས་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་དམིགས་འབེན་གལ་ཆེན་ཡིན་པས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཞིང་ཆེན་ཏང་ཨུའི་ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་དགོས་པ་བཅས་ཀྱི་བླང་བྱ་ལྟར། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཐད་ཀྱི་འགན་འཁྲི་ལྕི་མོ་ཧུར་ཐག་གིས་ཁུར་དུ་བླངས་ཏེ། གནད་དོན་ལ་དམ་དུ་དམིགས་པ་དང་དཀའ་ངལ་ཁྱད་བསལ་གྱིས་གནད་དོན་གལ་ཆེན་གྱི་བརྒལ་གཏོར་ལ་བརྟེན་ནས་ཁྱོན་ཡོངས་ཀྱི་བྱ་བ་མཐོར་འདེགས་བྱེད་དགོས། ངེས་པར་དུ་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཁྱོན་ཡོངས་དང་། ཀྲུང་ཧྭ་མི་རིགས་ཡུན་མཐུད་འཕེལ་རྒྱས་ཀྱི་མཐོ་ཚད་ནས་ལངས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་སྒྲུབ་སྟེ། རྒྱལ་ཁབ་ཀྱི་དོན་ཆེན་ཐད་ཀྱི་འགན་འཁྲི་ལྕི་མོ་བློ་ཐག་རྦད་ཆོད་སྒོས་ཁུར་དུ་བརྟན་པོར་ལེན་དགོས། ངེས་པར་དུ་སྐྱེ་ཁམས་བདེ་འཇགས་ཀྱི་ཉེན་ཁའི་འདུ་ཤེས་ཇེ་དྲག་གཏོང་བ་དང་། དུས་ནམ་ཡང་ལྷོད་གཡེང་དུ་མི་གཏོང་བའི་འགན་འཁྲིའི་འདུ་ཤེས་བཅངས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཨང་དང་པོར་འཛིན་པའི་རྨང་གཞི་རང་བཞིན་གྱི་བྱ་བ་དམ་འཛིན་ནན་འཛིན་བྱས་ནས། བློ་ཐག་རྦད་ཆོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་བརྟན་པོར་བསྐྲུན་དགོས། ངེས་པར་དུ་ཡང་དག་པའི་སྲིད་འབྲས་ལྟ་བ་བརྟན་པོར་འཛིན་པ་དང་ལག་བསྟར་བྱས་ཤིང་། གསེར་རི་དངུལ་རིའི་འདུ་ཤེས་བརྟན་པོར་བཅངས་ཏེ། འཕྲལ་བདེ་འཕྲལ་ཕན་གྱི“མངོན་ཆེའི་གྲུབ་འབྲས”མི་གཉེར་བར། ཕྱི་རབས་པར་ཕན་པའི“མངོན་ཆུང་གི་གྲུབ་འབྲས”གཉེར་དགོས། ངེས་པར་དུ་ལྗང་མདོག་ཐཱན་ཉུང་ཚུལ་སྒྱུར་འཐབ་ཇུས་ཀྱི་ངེས་ཤུགས་སྲུང་འཛིན་བྱས་ཏེ། ཐོན་ལས་ཀྱི་ཚུལ་སྒྱུར་རིམ་སྤོར་བརྟན་བརླིང་གིས་སྤེལ་བ་དང་། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་མྱུར་དུ་བསྐྱེད་ནས། རང་བྱུང་གི་ཁྱད་སྟོབས་དང་ལོ་རྒྱུས་ཀྱི་གོ་སྐབས་དེ་འཕེལ་རྒྱས་ཀྱི་ཁེ་ཕན་བསྒྱུར་བར་འབད་དགོས། ངེས་པར་དུ་སྐྱེ་ཁམས་ཁོར་ཡུག་གི་ཕྱོགས་བསྡུས་མཉམ་ཤུགས་གཅིག་སྡུད་བྱེད་པ་དང་། ཕྱོགས་སོ་སོའི་ཧུར་བརྩོན་དང་རང་འགུལ། གསར་གཏོད་བཅས་ཀྱི་ངར་ཤུགས་ལེགས་པར་བསྐྱེད་དེ། ཏང་ཨུ་དང་སྲིད་གཞུང་གིས་གཅིག་གྱུར་འགོ་ཁྲིད་བྱེད་པ་དང་། སྡེ་ཁག་སོ་སོས་མཉམ་འཛིན་མཉམ་སྡོམ་བྱེད་པ། སྤྱི་ཚོགས་ཡོངས་མཉམ་དུ་ཟབ་ཞུགས་བྱེད་པ་བཅས་ཀྱི་སྲུང་སྐྱོབ་ཆེན་མོའི་རྣམ་པ་གྲུབ་པར་བྱེད་དགོས་ཞེས་ནན་གྱིས་བསྟན།
ཁྲིན་ཀང་གིས་ནན་གྱིས་བསྟན་དོན། མཛེས་སྡུག་གི་མཚོ་སྔོན་འཛུགས་སྐྲུན་བྱེད་པ་ནི་དུས་ཡུན་རིང་བོའི་འབད་འཐབ་དམིགས་འབེན་ཡིན་ཞིང་། ཆབ་སྲིད་འགན་འཁྲི་དངོས་འབེབས་བྱས་ཏེ་ཏང་སྲིད་ཀྱི་འགན་འཁྲི་གཅིག་པ་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས་རྒྱུན་འཁྱོངས་བྱེད་པ་དང་། གཅིག་འདོམ་མཐུན་སྦྱོར་དང་ལྟ་རྟོག་དོ་དམ་ལ་ཤུགས་སྣོན་བྱས་ནས་ནན་ཏན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་འགན་འཁྲིའི་གསལ་ཁྲ་དངོས་འབེབས་བྱས་ཏེ། ཕྱོགས་ཡོངས་ནས་སྐྱེ་ཁམས་སྲུང་སྐྱོབ་འགན་འཁྲིའི་དངོས་འབེབས་ལ་སྐུལ་འདེད་གཏོང་དགོས། ལམ་ལུགས་འགན་སྲུང་ལ་ཤུགས་སྣོན་དང་གནད་དོན་རྙེད་པ་དང་ལེགས་བཅོས་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཚན་རིག་གཞུང་ལུགས་ཀྱི་དཔྱད་ཞིབ་གདེང་འཇོག་དང་བཅའ་ཁྲིམས་འགན་སྲུང་མ་ལག་འཐུས་ཚང་དུ་བཏང་ནས། དངུལ་གཏོང་འགན་སྲུང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། ནུས་པའི་མཐོར་འདེགས་ལ་ཡར་སྐུལ་བྱས་ཏེ་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་དང་། འཇོན་མིའི་གསོ་སྐྱོང་ལ་དོ་སྣང་། ཚན་ཞིབ་མཁྲེགས་གཏོར་ལ་ཤུགས་སྣོན་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དཔུང་སྡེའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་དགོས། སྒྲིག་ལམ་ནན་མོ་དང་འགན་འཁྲི་རྩད་གཅོད། ནོར་འཆུག་གི་བསམ་བློའི་ངོས་ཟིན་དང་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་གཏོང་བའི་བྱ་སྤྱོད་གང་རུང་། ཁྲིམས་བསྟར་ནན་མོ་དང་ལྟ་རྟོག་ཤུགས་ཚད་མི་འདང་བའི་སྣང་ཚུལ་ཡོད་ཚད་ལ་འཐབ་རྩོད་བྱས་ཏེ། ཕྱོགས་ཡོངས་ནས་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པར་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་དགོས།
ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱེད་སྐབས་བསྟན་དོན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པར་གཏིང་ཟབ་ཏུ་གོ་བ་བླངས་ནས་ཕན་འབྲས་ཐོན་པར་བྱེད་དགོས་པ་དང་། སྔར་ལས་རང་རྟོགས་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལོ་རྒྱུས་འགན་འཁྲི་དང་ལས་འགན་ཁུར་དུ་བླངས་ནས། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་ཧྭའི་ཆུ་གཏེར་གྱི་སྲུང་སྐྱོབ་མཁན་དང་། ཡུན་རིང་བྱས་རྗེས་བཞག་ནས་མཛེས་སྡུག་གི་མཚོ་སྔོན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་ལ། དོན་དངོས་འགུལ་སྐྱོད་ལས་གཏན་ཕབ་གཉིས་ལ་མཐའ་གཅིག་ཏུ་གོང་བཀུར་བྱས་ནས། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་བཟང་བོར་བསྒྲུབ་དགོས། གཙོ་བོ་འབུར་དུ་ཐོན་པའི་གནད་དོན་ཐག་གཅོད་བྱས་ནས་ཕན་འབྲས་ཐོན་པར་བྱེད་དགོས་ཤིང་། གནད་དོན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་དང་གཞན་ལ་རིགས་བསྒྲེས་ནས་བྱེད་ཐབས་ལ་ཤུགས་སྣོན་གྱིས་དཀའ་ཁག་ཁྱད་བསལ་བྱེད་པ་དང་། རྒྱུན་ཆད་མེད་པར་གཏིང་ཟབ་པའི་འགལ་བའི་གནད་དོན་དང་ལག་ལེན་དཀའ་གནད་ཐག་གཅོད་བྱས་ཏེ། ཟོལ་མེད་ཀྱིས་ལམ་ཐིག་རི་མོ་དེ་ལག་བསྟར་སྐྱ་ཐིག་ཏུ་འགྱུར་བར་བྱེད་པ་དང་། བྱེ་བྲག་གི་འགུལ་སྐྱོད་རེ་རེར་བསྒྱུར་ནས། ལས་འགན་སྣ་ཚོགས་ལག་བསྟར་ནན་མོ་བྱས་ཏེ་ཕན་འབྲས་ཐོན་པར་འགན་སྲུང་བྱས་ཏེ། མཛེས་སྡུག་གི་མཚོ་སྔོན་གྱི་དམིགས་འབེན་དེ་གོམ་པ་རེ་རེ་བཞིན་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས། སྒྲིག་ལུགས་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས་ཕན་འབྲས་ལྡན་པར་བྱེད་པ་དང་། མཛེས་སྡུག་གི་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་ལག་བསྟར་མ་ལག་འཐུས་ཚང་དུ་གཏོང་བ་དང་རྐྱེན་སྲོལ་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་སྟེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་མྱུར་དུ་འཛུགས་པ་དང་། བསྟུད་མར་སྤྱི་ཚོགས་ཡོངས་ཀྱིས་མཉམ་དུ་སྐྱེ་ཁམས་ཁོར་ཡུག་གི་ནང་གི་སྒུལ་ཤུགས་ལ་སྲུང་སྐྱོབ་བྱེད་པར་སྐུལ་མ་གཏོང་དགོས་ལ། ཤུགས་ཆེན་པོས་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་དེང་རབས་ཅན་གྱི་ཆུ་ཚད་མཐོར་འདེགས་བྱས་ཏེ། ཕྱོགས་ཡོངས་ནས་དུས་རབས་གསར་བའི་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལེའུ་གསར་བ་འབྲི་དགགོས།
ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོས་གཏམ་བཤད་སྤེལ་བ་དང་། འབྲེལ་ཡོད་སྡེ་ཁག་དང་ས་ཁུལ་གྱིས་ཡིག་ཐོག་གི་བསམ་ཚུལ་བརྗེ་རེས་བྱས།
གྲོས་ཚོགས་དེ་བརྙན་རིས་ཀྱི་རྣམ་པས་སྤེལ་བ་ཡིན་ཞིང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ལས་ཁུངས་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་ཞིང་ཆེན་གྱི་ཚོགས་ར་གཙོ་བོའི་གྲོས་ཚོགས་ལ་ཞུགས་པ་དང་། གྲོང་ཁྱེར་དང་ཁུལ་སོ་སོ། རྫོང་དང་གྲོང་ཁྱེར། ས་ཁུལ་བཅས་སུ་ཡན་ལག་ཚོགས་ར་བཀོད་སྒྲིག་བྱས་ཡོད།