ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅུ་གཉིས་ཉིན་གྱི་ཕྱི་དྲོར་ཅང་ཞི་ཞིང་ཆེན་ནན་ཁྲང་གྲོང་ཁྱེར་དུ། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད་ནས་གསུང་བཤད་གལ་ཆེན་གནང་། ཁོང་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཆ་ཚང་བ་དང་དང་ནོར་བ་མེད་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ། མཉམ་དུ་སྲུང་སྐྱོབ་ཆེན་པོ་བྱེད་པ་ལས་གསར་སྤེལ་ཆེན་པོ་མི་བྱེད་པ་དང་། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྷད་མེད་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། ཚན་རྩལ་གསར་གཏོད་སྣེ་ཁྲིད་དུ་འཛིན་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྒོས་སྐུལ་འདེད་གང་ལེགས་གཏོང་བ། སྲིད་ཇུས་མཐུན་སྦྱོར་དང་ལས་དོན་མཐུན་སྦྱོར་ལ་ཤུགས་སྣོན་པ། ཕུགས་ཕན་གྱི་རྣམ་པ་བསྐྲུན་པ་དང་ཕུགས་ཕན་ཐབས་ཇུས་འཚོལ་བ། ཡུན་རིང་བདེ་འཇགས་ཀྱི་རྨང་གཞི་འཛུགས་པ་བཅས་རྒྱུན་འཁྱོངས་བྱས་ནས། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྔར་ལས་ལེགས་པའི་སྒོ་ནས་འདེགས་སྐྱོར་དང་ཞབས་འདེགས་ཞུ་དགོས་ཞེས་ནན་གྱིས་གསུངས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཚའེ་ཆི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་བཅས་བཞུགས་མོལ་ཚོགས་འདུར་ཞུགས།
ཞི་ཅིན་ཕིང་གིས་ཅང་ཞི་ཞིང་ཆེན་དུ་གཟིགས་ཞིབ་གནང་བའི་རིང་ལ་ཆེད་དུ་བཞུགས་མོལ་ཚོགས་འདུ་དེ་བསྡུས། བཞུགས་མོལ་ཚོགས་འདུའི་སྟེང་དུ། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཀྲིན་ཧྲན་ཅེ་དང་། ཁྲུང་ཆིན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཡོན་ཅ་ཅུན། ཅང་ཞི་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དབྱིན་་ཧུང་། ཧྲང་ཧེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཅི་ཉིང་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་ནས། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་དོན་སྤེལ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ཕུལ་བ་དང་བསམ་འཆར་དང་གྲོས་འགོ་བཏོན། བཞུགས་མོལ་ཚོགས་འདུར་ཞུགས་པའི་ཞིང་ཆེན་གཞན་དག་གི་འགན་འཁུར་བློ་མཐུན་གཙོ་བོས་ཡིག་ཐོག་གཏམ་བཤད་སྤེལ།
ཚང་མའི་གཏམ་བཤད་ལ་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས་འཐབ་ཇུས་དངོས་སུ་ལག་བསྟར་བྱས་ནས་ལོ་ངོ་བརྒྱད་ཙམ་འཁོར་བའི་རིང་ལ། འབྲི་ཆུའི་འབབ་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་དང་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་བཅས་ཀྱིས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། མཉམ་དུ་སྲུང་སྐྱོབ་ཆེན་པོ་བྱེད་པ་ལས་གསར་སྤེལ་ཆེན་པོ་མི་བྱེད་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྷད་མེད་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་སྒོས་འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སླར་གསོ་བྱ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལྷད་མེད་ཚུལ་སྒྱུར་ལ་སྐུལ་འདེད་ཧུར་ཐག་བཏང་བར་མ་ཟད། སྔར་མེད་ཀྱི་བརྩོན་སེམས་དང་ནུས་ཤུགས་ཆེན་པོ་བཏོན་པའི་དབང་གིས། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། བསམ་བློའི་ངོས་འཛིན་ལ་འགྱུར་ལྡོག་ཆེན་པོ་བྱུང་ནས། མཉམ་དུ་སྲུང་སྐྱོབ་ཆེན་པོ་བྱེད་པ་ལས་གསར་སྤེལ་ཆེན་པོ་མི་བྱེད་པ་དེ་ཐུན་མོང་གི་ངོས་འཛིན་དུ་གྱུར་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སླར་གསོ་བྱས་པར་གྲུབ་འབྲས་ཆེན་པོ་ཐོབ་ནས། “གཙང་ཆབ་དྭངས་མོ་ལྷུང་ལྷུང་ཤར་ཕྱོགས་སུ་རྒྱུ་བའི”མཛེས་ལྗོངས་ཀྱི་ཉམས་བཟང་ཡང་བསྐྱར་མཐོང་ལམ་དུ་མངོན་པ་དང་། འཕེལ་རྒྱས་གཏོང་སྟངས་ལ་འཕོ་འགྱུར་ཆེན་པོ་བྱུང་ནས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྣམ་པ་ཕྱོགས་ཡོངས་ནས་མངོན་ཡོད་ཅིང་། ས་ཁོངས་མཉམ་འདྲེས་ལ་འཕེལ་རྒྱས་ཆེན་པོ་བྱུང་ནས་ས་ཁོངས་མཐུན་སྦྱོར་མཉམ་འགུལ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་ཐེབས་པ་ལས་གཞན། བཅོས་སྒྱུར་སྒོ་འབྱེད་ལ་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། ཕྱོགས་གང་ཅིའི་ཐད་ནས་ཕྱི་ནང་གཉིས་ཀར་སྒོ་འབྱེད་ཀྱི་རྣམ་པ་བཟང་བོ་གང་མགྱོགས་ངང་གྲུབ་ཡོད། སྤྱིའི་ཆ་ནས་བལྟས་ན། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས་གྲུབ་འབྲས་མི་ཚང་མས་མཐོང་ཐུབ་པ་དང་། འཕེལ་རྒྱས་ཀྱི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཞིང་། འཕེལ་རྒྱས་ཀྱི་རྣམ་པ་ཉིན་རེ་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད་ལ། དུས་མཚུངས་སུ་ཅིས་ཀྱང་མཐོང་དགོས་པ་ཞིག་ལ། འབྲི་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི། གྲངས་འབོར་གྱི་འགྱུར་ལྡོག་ནས་ངོ་བོའི་འགྱུར་ལྡོག་བྱུང་བའི་གནད་འགག་དུས་སྐབས་སུ་སླེབས་ཡོད་ཅིང་། དེ་ལས་ཐོབ་པའི་གྲུབ་འབྲས་ད་དུང་བརྟན་པོ་མིན་པ་དང་། གནས་ལུགས་ཀྱི་སྟེང་ནས་བཤད་ན་ད་དུང་དཀའ་ངལ་དང་གནད་དོན་མི་ཉུང་བ་ཞིག་གནས་ཡོད་པ་བཅས་ཀྱི་དབང་གིས། མུ་མཐུད་དུ་འབད་བརྩོན་བྱས་ཏེ་ཐག་གཅོད་གང་ལེགས་བྱེད་དགོས་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་མིག་རྒྱང་རིང་བོ་བཅངས་ནས་བལྟས་ན། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ན་རྩ་བའི་ཆ་ནས་འབྲི་ཆུའི་འབབ་རྒྱུད་ཀྱི་སྤུས་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་ལ་ངེས་པར་དུ་བརྟེན་དགོས། བློ་བརྟན་འགྱུར་མེད་ངང་མཉམ་དུ་སྲུང་སྐྱོབ་ཆེན་པོ་བྱེད་པ་ལས་གསར་སྤེལ་ཆེན་པོ་མི་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཆུ་ཚད་མཐོ་བའི་སྲུང་སྐྱོབ་ཐད་སྔར་ལས་འབད་བརྩོན་ཆེན་པོ་བྱེད་དགོས། འབྲི་ཆུ་འབབ་རྒྱུད་ཀྱི་ས་གནས་ཁག་གི་སྐྱེ་ཁམས་ཉེན་མཚམས་གཏན་འཁེལ་བྱས་ཟིན་པས། ངེས་པར་དུ་དམ་འཛིན་ཡག་པོ་བྱས་ནས་དོ་དམ་ཐུབ་པར་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་པ། ཆོག་འཐུས་གསལ་ཁྲ་ལག་བསྟར་ནན་མོ་བཅས་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་དབྱེ་མཚམས་བཅད་པའི་ས་གནས་དེ་གའི་སྐྱེ་ཁམས་བར་སྟོང་གལ་ཆེན་ལ་གདེང་ཚོད་ཡོད་པར་བྱས་ཏེ། ཀུན་གྱི་སྔོན་ལ་སྲུང་སྐྱོབ་ནན་མོ་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་མུ་མཐུད་དུ་ཤུགས་སྣོན་པ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་འབག་བཙོག་བཅོས་སྐྱོང་ལ་མུ་མཐུད་ཤུགས་སྣོན་པ། ཆུའི་ཐོན་ཁུངས་དང་ཆུའི་ཁོར་ཡུག ཆུའི་སྐྱེ་ཁམས་བཅས་ལ་གཅིག་གྱུར་སྒོས་འཆར་འགོད་བྱེད་པ། རླུང་ཁམས་ཆེན་མོ་དང་ས་གཤིས་འབག་བཙོག་འགོག་བཅོས་ལ་སྐུལ་འདེད་ནན་མོ་གཏོང་བ། མཆེད་ཁུངས་ཀྱི་འབག་བཙོག་ཚོད་འཛིན་ལ་སྔར་ལས་དོ་སྣང་བཅས་བྱས་ཏེ། གནད་དོན་གྱི་འབྱུང་རྩ་ནས་འབག་བཙོག་དངོས་རྫས་ཕྱིར་འབུད་བྱེད་ཚད་ཇེ་དམའ་རུ་གཏོང་དགོས། འབྲི་ཆུའི་ནང་ནས“ལོ་བཅུར་ཉ་འཛིན་མི་ཆོག”པར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་སྟེ། ཐོབ་ཟིན་པའི་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་གཏོང་དགོས། ཐཱན་ཉུང་དང་འབག་བཙོག་ཉུང་གཏོང་། ལྷད་མེད་རྒྱ་སྐྱེད། འཕར་སྣོན་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་རྒྱུ་དང་། ཐོན་ལས་ལྷད་མེད་ཅན་དུ་བསྒྱུར་རྒྱུ་དེ་གལ་འགངས་ཆེ་ཤོས་སུ་བརྩིས་ནས། ལྷད་མེད་ཐཱན་ཉུང་ཐོན་ལས་མྱུར་དུ་གསོ་སྐྱོང་དང་རྒྱ་སྐྱེད་གཏོང་བ་དང་། ལྷད་མེད་ལག་རྩལ་དང་ལྷད་མེད་ཐོན་རྫས་འཕེལ་རྒྱས་གང་ལེགས་གཏོང་བ། དཔལ་འབྱོར་ལྷད་མེད་ཅན་དུ་བསྒྱུར་ཚད་སྔར་ལས་མཐོ་རུ་གཏོང་བ། འཕེལ་རྒྱས་ཀྱི་གཏིང་ཤུགས་མངོན་སུམ་སྒོས་ཆེ་རུ་གཏོང་བ་བཅས་བྱེད་དགོས། སྐྱེ་ཁམས་ཀྱི་དགེ་མཚན་ལྡན་པའི་ས་ཁུལ་གྱིས་སྐྱེ་ཁམས་བེད་སྤྱོད་པའི་ལས་དོན་ལེགས་པོ་སྒྲུབ་པར་རྒྱབ་སྐྱོར་ནུས་ལྡན་བྱས་ནས། སྐྱེ་ཁམས་ཀྱི་རྒྱུ་ནོར་དེ་དཔལ་འབྱོར་གྱི་རྒྱུ་ནོར་དུ་བསྒྱུར་གང་ཐུབ་བྱེད་དགོས། འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། འབྲི་ཆུའི་འབབ་རྒྱུད་ཡོངས་སྐྱེ་ཁམས་སྲུང་སྐྱོབ་ཁྲོད་ཞུགས་པའི་བརྩོན་སེམས་ལེགས་པར་བསྐྱེད་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྣེ་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་ཚན་རིག་ཞིབ་འཇུག་ཞིབ་ལེགས་ཆ་དང་འཇོན་མིའི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་ནས། ཁྱབ་ཁོངས་གསར་བའི་འགྲན་ལམ་གསར་བ་ཧུར་ཐག་སྒོས་བསྐྲུན་ཏེ། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་དང་ལེགས་ཆ་གསར་བ་བསྐྲུན་དགོས། ཚན་རིག་སློབ་གསོའི་ཐོན་ཁུངས་ལེགས་སྒྱུར་སྡེབ་སྒྲིག་དང་ཚན་རྩལ་གསར་གཏོད་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་པ་དང་། ཐོན་ལས་ཀྱི་རྨང་གཞི་མཐོ་རིམ་ཅན་དང་ཐོན་ལས་ཕྲེང་འབྲེལ་དེང་རབས་ཅན་དུ་འགྱུར་བར་དམ་པོར་དམིགས་ཏེ། ཁྱབ་ཁོངས་གསར་བ་དང་འགྲན་ལམ་གསར་བའི་སྣེ་ཁྲིད་རང་བཞིན་གྱི་ལག་རྩལ་མཁྲེགས་གཏོར་ལ་བཀོད་སྒྲིག་གང་ལེགས་བྱེད་པ་དང་། རིམ་པ་མཐོ་བའི་ཚན་རྩལ་གསར་གཏོད་འཇོན་མི་བསྡུ་འགུག་བྱེད་པ། ཚན་རྩལ་གྱི་མདུན་གྲལ་ཁྱབ་ཁོངས་ཀྱི་ཐོག་མའི་གསར་གཏོད་ནུས་པ་ཆེ་རུ་གཏོང་བ། གནད་འགག་དང་ལྟེ་བར་གྱུར་བའི་ལག་རྩལ་ཁག་ཅིག་མགྱོགས་མྱུར་ངང་མཁྲེགས་གཏོར་བཅས་བྱེད་དགོས། ཐོན་ལས་ཕྲེང་འབྲེལ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། བཟོ་སྐྲུན་ལས་རིགས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བའི་བྱ་སྤྱོད་རྒྱུན་མཐུད་ངང་ལག་བསྟར་བྱེད་པ། སྔོན་ཐོན་བཟོ་སྐྲུན་ལས་རིགས་གསོ་སྐྱོང་དང་སྟོབས་ལྡན་དུ་གཏོང་བ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་འཕེལ་རྒྱས་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ། གཞི་གྲངས་དཔལ་འབྱོར་དང་དངོས་ཕུང་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཐོན་ལས་ཕྲེང་འབྲེལ་གྱི་མཉམ་ལས་ལ་ཤུགས་བསྣན་ནས། དགེ་མཚན་ལྡན་པའི་ཐོན་ལས་སྣུར་སྲིང་ཕྲེང་འབྲེལ་དང་གསར་དར་ཐོན་ལས་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱིས་ཤར་ནུབ་འཕྲེད་གཅོད་བྱེད་པ་དང་ལྷོ་བྱང་འབྲེལ་མཐུད་བྱེད་པ། གཙང་བོ་རྒྱ་མཚོར་སྦྲེལ་བ་བཅས་ཀྱི་དམིགས་བསལ་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་རྒྱུ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་ར་གཉིས་འབྲེལ་མཐུད་སྔར་ལས་ཡག་པོ་ཡོང་བར་བྱེད་པ། ཐོན་ཁུངས་གཉིས་བེད་སྤྱོད་ཡག་པོ་བྱེད་པ། རྒྱལ་ནང་གི་འཁོར་སྐྱོད་ཆེན་མོའི་ནང་གནས་སྒུལ་ཤུགས་དང་བློ་གཏོད་རང་བཞིན་མངོན་སུམ་གྱིས་ཆེ་རུ་གཏོང་བ། རྒྱལ་སྤྱིའི་འཁོར་སྐྱོད་ཀྱི་འགུག་ཤུགས་དང་སྐུལ་འདེད་གཏོང་ཤུགས་སྔར་ལས་ཆེ་རུ་གཏོང་བ་བཅས་བྱས་ནས། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན་ཆེད་འཐབ་ཇུས་ཀྱི་འདེགས་སྐྱོར་ནུས་ཤུགས་མཁོ་འདོན་བྱེད་དགོས། ཐོན་ལས་འཕེལ་རྒྱས་ཐད་ནས་འབྲི་ཆུ་འབབ་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་གྱིས་རང་སོ་སོའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་དགོས་ལ། མཐུན་སྦྱོར་འཕེལ་རྒྱས་དང་གནས་འཛོལ་འཕེལ་རྒྱས། མཉམ་འགུལ་འཕེལ་རྒྱས་བཅས་ཀྱང་བྱེད་དགོས། འབྲི་ཆུ་འབབ་རྒྱུད་ཀྱི་ཐོན་ལས་བཀོད་སྒྲིག་དང་སྤོ་སྒྱུར་ལས་དོན་གཅིག་གྱུར་གྱིས་དམ་འཛིན་ཡག་པོ་བྱེད་པ་དང་། ཐོན་སྐྱེད་ནུས་ཤུགས་གལ་ཆེན་གྱི་བཀོད་སྒྲིག་ལེགས་སྒྱུར་བྱེད་པ། མ་དངུལ་དང་ལག་རྩལ། ངལ་རྩོལ་མང་འདུས་ཅན་གྱི་ཐོན་ལས་དེ་ཤར་རྒྱུད་ནས་དབུས་ནུབ་རྒྱུད་དང་། ལྟེ་བའི་གྲོང་ཁྱེར་ནས་དབུས་རྒྱུད་དུ་གོ་རིམ་ལྡན་པའི་སྒོ་ནས་སྤོ་སྒྱུར་བྱེད་པར་ཁྲིད་སྟོན་བཅས་བྱེད་དགོས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ཀྱི་ཁྱབ་ཁོངས་གསར་བ་དང་ཐབས་ལམ་གསར་བ་རྒྱ་སྐྱེད་གང་ལེགས་གཏོང་དགོས། འབྲི་ཆུ་འབབ་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་གྱི་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ལམ་ལུགས་གསར་གཏོད་ཐད་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་རྒྱུ་དང་། འབྲི་ཆུ་འབབ་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་གྱི་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་མཉམ་འགུལ་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་སྟེ། ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་རྣམ་པའི་དཔལ་འབྱོར་སྒྲིག་སྲོལ་གསར་བ་བསྐྲུན་ཆེད་ཉམས་མྱོང་གསར་བ་གསོག་འཇོག་དང་ཐབས་ལམ་གསར་བ་འཚོལ་ཞིབ་བྱེད་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་ས་ཁོངས་བར་གྱི་མཐུན་སྦྱོར་སིམ་འདྲེས་གཏིང་ཟབ་ཏུ་གཏོང་རྒྱུ་དེ་ཤུགས་འདོན་ས་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འབྲི་ཆུའི་འབབ་རྒྱུད་དང་ཞིང་ཆེན་དང་གྲོང་ཁྱེར་གྱིས་ཞིང་ཆེན་བར་གྱི་མཉམ་གྲོས་དང་སྐྱེ་ཁམས་མཉམ་བཅོས། ཁོངས་ཡོངས་མཉམ་སྐྲུན། འཕེལ་རྒྱས་མཉམ་སྤྱོད་བཅས་རྒྱུན་འཁྱོངས་བྱས་ནས། ས་ཁོངས་འགྲིམ་འགྲུལ་གྱི་དྲ་སྦྲེལ་རང་བཞིན་དང་སྲིད་ཇུས་ཀྱི་གཅིག་གྱུར་རང་བཞིན། སྒྲིག་སྲོལ་གྱི་གཅིག་མཐུན་རང་བཞིན། ལག་བསྟར་གྱི་མཐུན་སྦྱོར་རང་བཞིན་བཅས་མངོན་སུམ་གྱིས་ཆེ་རུ་བཏང་ནས། སྐྱེ་ཁམས་ཐུན་མོང་ཚོགས་པ་དང་ཁེ་ཕན་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་མ་བརྟན་པོ་བཏང་སྟེ། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། སྤྱི་ཁོག་ནས་ས་ཁོངས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་ཆས་ཇུས་འགོད་དང་འཛུགས་སྐྲུན་བྱས་ཏེ། ཕྱོགས་བསྡུས་ལངས་གཟུགས་ཀྱི་འགྲིམ་འགྲུལ་བར་ཁྱམས་གང་མགྱོགས་ངང་བསྐྲུན་པ་དང་། འགྲིམ་འགྲུལ་དྲ་རྒྱུའི་ཕན་ཚུན་འབྲེལ་མཐུད་དང“གཞུང་ལམ་དང་ཆུ་ལམ། ལྕགས་ལམ”སོགས་སྐྱེལ་འདྲེན་བྱེད་ཕྱོགས་ཕན་ཚུན་འབྲེལ་མཐུད་བྱ་རྒྱུར་ཤུགས་བསྣན་ནས། ས་ཁོངས་འགྲིམ་འགྲུལ་གཞི་གཅིག་ཅན་གྱི་ཆུ་ཚད་སྔར་ལས་མཐོ་རུ་གཏོང་དགོས། རྒྱུ་རྐྱེན་གཙོ་བོ་ཚོང་ར་ཅན་དུ་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་བདག་དབང་ལ་སྲུང་སྐྱོབ་བྱེད་པ། ཚོང་རར་ཞུགས་ཆོག་མིན་དང་དྲང་བདེན་ངང་འགྲན་རྩོད་བྱེད་པ། སྤྱི་ཚོགས་ཡིད་རྟོན་སོགས་ཀྱི་རྨང་གཞིའི་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ། ས་ཁོངས་ལས་བརྒལ་བ་དང་སྡེ་ཁག་ལས་བརྒལ་བ། རིམ་པ་ལས་བརྒལ་བ་བཅས་ཀྱི་གཞི་གྲངས་ཆ་འཕྲིན་མཉམ་སྤྱོད་དང་ལས་རིམ་མཉམ་འབྲེལ་སྤེལ་རེས་འཐུས་ཚང་དུ་གཏོང་བ། སྲིད་དོན་ཞབས་ཞུའི་མཉམ་ལས་ཟབ་སྤེལ་བྱེད་པ། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་བཅས་བྱེད་དགོས། འབྲི་ཆུའི་རིག་གནས་ཀྱི་དུས་རབས་རིན་ཐང་སྔོག་འདོན་གཏིང་ཟབ་བྱས་ནས། དུས་རབས་གསར་བའི་འབྲི་ཆུའི་རིག་གནས་མཚོན་ཐུབ་པའི་རིག་རྩལ་བརྩམས་ཆོས་རྩེ་གྲ་སྔར་ལས་གང་མང་བསྐྲུན་དགོས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གང་ལེགས་བཏང་ནས། རང་བྱུང་རི་ཆུའི་ཁྱད་ཆོས་དང་ལོ་རྒྱུས་དང་མི་ཆོས་རིག་གནས་ཀྱི་ནང་སྙིང་ཡོད་པའི་གཙང་འགྲམ་གྱི་གྲོང་ཁྱེར་དང་གྲོང་རྡལ་ཆུང་ངུ་། མཛེས་སྡུག་ལྡན་པའི་གྲོང་གསེབ་བཅས་གཞི་གཅིག་ཅན་དུ་བསྐྲུན་ནས། འབྲི་ཆུའི་རྒྱལ་སྤྱིའི་ཡུལ་སྐོར་ཁུལ་ཡག་ཤོས་བསྐྲུན་དགོས་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་འབྲི་ཆུའི་དཔལ་འབྱོར་རྒྱུད་དེ་རྒྱལ་ཡོངས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་ཡག་པོ་བྱས་ཏེ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་དང་ནུས་ཁུངས་བདེ་འཇགས། ཐོན་ལས་ཕྲེང་འབྲེལ་གལ་ཆེན་གྱི་བདེ་འཇགས། ཆུའི་བདེ་འཇགས་སོགས་ལ་སྲུང་སྐྱོབ་བྱེད་པའི་ཐད་ནུས་པ་སྔར་ལས་ཆེན་པོ་བཏོན་ནས། ས་ཁོངས་གཅིག་གི་བརྟན་ལྷིང་ལ་བརྟེན་ནས་ཁྱོན་ཡོངས་ཀྱི་བདེ་འཇགས་ལ་ལེགས་སྐྱེས་འབུལ་དགོས། འབྲི་ཆུའི་འབབ་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་གྱིས་འབྲུ་རིགས་གཙོ་ཐོན་ས་ཁུལ་ལམ་ཡང་ན་གཙོ་བཙོང་ས་ཁུལ་དང་། ཐོན་རྫས་བཙོང་སའི་དོ་སྙོམས་ཁུལ་གང་ཡིན་རུང་ཚང་མས་འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲི་འཁུར་དགོས། རྨོ་ཞིང་གི་གྲངས་འབོར་དང་སྤུས་ཚད། སྐྱེ་ཁམས་བཅས“ཕྱོགས་གསུམ་གཞི་གཅིག”གི་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཡུན་གཏན་གྱི་གཞི་རྩའི་ཞིང་ཁ་དེ་ཚད་གཞི་མཐོ་བའི་ས་ཞིང་དུ་རིམ་བཞིན་འཛུགས་སྐྲུན་བྱེད་པ། ཞིང་ལས་ཀྱི་ས་བོན་ཐོན་ཁུངས་ལ་སྲུང་སྐྱོབ་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། སྐྱེ་དངོས་ཀྱི་ས་བོན་གསོ་སྐྱོང་ལས་གཞི་གལ་ཆེན་ལག་བསྟར་བྱེད་པ། ས་བོན་ཁེ་ལས་ཀྱི་རང་བརྟེན་གསར་གཏོད་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས། འབྲུ་རིགས་ཐོན་འབབ་འཕར་སྣོན་ཡོང་བའི་གཙོ་གནད་དེ་རྒྱ་ཁྱོན་ཆེན་པོས་མུའུ་རེའི་ཐོན་ཚད་མཐོ་རུ་གཏོང་རྒྱུའི་སྟེང་དུ་འཇོག་དགོས་པ་དང་། ཞིང་བཟང་སོན་བཟང་དང་གོ་སྐབས་བཟང་པོ་གཅིག་བསྡུས་དང་ཁྱབ་སྤེལ་བྱེད་ཤུགས་ཆེ་རུ་གཏོང་དགོས་ལ། གཞི་ཁྱོན་འོས་འཚམ་ལྡན་པའི་གཉེར་སྐྱོང་དང་སྤྱི་ཚོགས་ཅན་དུ་ཕྱོགས་པའི་ཞབས་ཞུ་བྱེད་སྟངས་སྣ་ཚོགས་འཕེལ་རྒྱས་སུ་གཏོང་དགོས། རྒྱལ་ཡོངས“བསམ་ཇུས་གཅིག”གི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། སྟོད་རྒྱུད་དང་དབུས་རྒྱུད་དང་སྨད་རྒྱུད་ས་ཁུལ་བཅས་སུ་ནུས་ཁུངས་མཉམ་ལས་མུ་མཐུད་ཟབ་སྤེལ་བྱེད་དགོས། རྡོ་སོལ་སོགས་འགྱུར་རྡོའི་ནུས་ཁུངས་ཀྱི་མ་མཐའི་འགན་སྲུང་ནུས་པར་ཤུགས་སྣོན་པ་དང་། རྡོ་སོལ་གཙང་ཞིང་ཕན་འབྲས་ཆེ་བའི་སྒོ་ནས་བེད་སྤྱོད་པར་དམ་འཛིན་གང་ལེགས་བྱེད་པ། ཆུ་གློག་སོགས་ཀྱི་སྲོལ་རྒྱུན་གྱི་ནུས་ཁུངས་དང་རླུང་གློག་དང་ཉི་འོད་ནུས་པ། ཆིང་ནུས་སོགས་ནུས་ཁུངས་གསར་བའི་ནུས་ཁུངས་གུན་གསབ་དང་གཏིང་ཟབ་མཉམ་འདྲེས་ཡོང་བར་དོ་སྣང་བྱེད་དགོས། ཆུ་བོ་བདེ་འཇགས་ངང་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་འབྲི་ཆུའི་ཆུའི་གནས་བབ་ཀྱི་འགྱུར་ལྡོག་ཁོང་དུ་ཆུད་པར་བྱེད་པ་དང་ཐན་ཞོད་མཉམ་འགོག་མཉམ་བཅོས་རྒྱུན་འཁྱོངས་བྱེད་པ། ཆུ་རྒྱུད་འབྲེལ་མཐུད་དང་ཆུ་ཁུངས་གསོ་སྐྱོང་། ས་ཆུ་སྲུང་འཛིན་བཅས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ་སྐུལ་འདེད་གཏོང་བ། འབབ་རྒྱུད་ཀྱི་ཆུའི་བཟོ་སྐྲུན་ལ་གཅིག་གྱུར་གྱིས་མཉམ་འབྲེལ་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ། ས་ཁོངས་ལས་བརྒལ་བའི་ཆུའི་ཐོན་ཁུངས་དཀོན་པོ་ཆགས་པར་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། འབབ་རྒྱུད་ཀྱི་གནོད་འཚེ་འགོག་སེལ་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་ཀྲུང་དབྱང་གིས་སྤྱི་འདོམས་བྱེད་པ་དང་ཞིང་ཆེན་གྱིས་སྤྱི་འགན་འཁུར་བ། གྲོང་ཁྱེར་དང་རྫོང་གིས་དོན་འཁྱོལ་དམ་དུ་འཛིན་པ་བཅས་ཀྱི་བྱ་བའི་ལམ་སྲོལ་རྒྱུན་འཁྱོངས་བྱས་ནས། ཀྲུང་དབྱང་གི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་མགོ་ཁྲིད་ཚན་ཆུང་གིས་སྤྱི་འདོམས་མཐུན་སྦྱོར་དང་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་པ་དང་། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་གིས་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁྲིད་ཕྱོགས་དང་འཚམ་པའི་ལས་གཞིར་རྒྱབ་སྐྱོར་བྱས་ཏེ། གཙོ་གནད་ཁྱབ་ཁོངས་ཁྲོད་བཅོས་སྒྱུར་གལ་ཆེན་ཁག་ཅིག་ལ་སྐུལ་འདེད་གཏོང་དགོས། འབྲི་ཆུའི་འབབ་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་གྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རང་བདག་འགན་འཁྲི་སྔར་ལས་ཇེ་དམ་དུ་བཏང་ནས། ལས་དོན་ཁག་དོན་འཁྱོལ་ཡོང་བར་འགན་ལེན་བྱེད་དགོས། བརྗོད་དོན་སློབ་གསོ་དེ་གོ་སྐབས་སུ་བརྩིས་ནས། རྒྱ་ཆེའི་ལས་བྱེད་པས་ཡང་དག་པའི་སྲིད་དོན་བྱས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པར་སློབ་གསོ་གཏོང་བ་དང་ཁྲིད་སྟོན་གང་ལེགས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཇོན་ཐང་ཆེ་རུ་གཏོང་དགོས། ཁེ་ལས་དང་སྤྱི་ཚོགས་རྩ་འཛུགས་སྣ་ཚོགས་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས་ཁྲོད་འབད་པས་ཞུགས་རྒྱུར་ཁྲིད་སྟོན་བྱས་ནས། མི་ཤུགས་དང་དངོས་ཤུགས། ནོར་ཤུགས་སོགས་སྔར་ལས་གང་མང་བཏང་ནས། མི་དམངས་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་རང་རྟོགས་རང་བཞིན། གསར་གཏོད་རང་བཞིན་བཅས་འདོན་སྤེལ་ཡག་པོ་བྱེད་དགོས། དུས་བཅད་ལྟར《འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས་འཆར་འགོད་རྩ་གནད》ལག་བསྟར་བྱེད་པར་ཞིབ་བཤེར་དཔྱད་འཇོག་དང་ལྟ་སྐུལ་ནན་མོ་བྱས་ནས། ས་གནས་སོ་སོར་དུས་ཐོག་ཏུ་གནད་དོན་ཤེས་རྟོགས་དང་ཡོ་བསྲང་བྱེད་དུ་འཇུག་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་གསུངས།
ལིས་ཆང་གིས་གསུང་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་དང་གོ་བ་ཡང་དག་ལེན་པ། ལག་བསྟར་དོན་འཁྱོལ་གཏིང་ཟབ་བཅས་བྱས་ཏེ། མཉམ་དུ་སྲུང་སྐྱོབ་ཆེན་པོ་བྱེད་པའི་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ནས། མུ་མཐུད་དུ་ནུས་ཤུགས་ཡོད་རྒུ་འདོན་པ་དང་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས། ཕྱོགས་བསྡུས་བཅོས་སྐྱོང་དང་འབྱུང་རྩ་ནས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་སོགས་ཀྱི་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ཐབས་ལམ་འཚོལ་ཞིབ་གཏིང་ཟབ་བཅས་བྱེད་དགོས། གཙོ་ནུས་ཐོན་ཁུལ་གྱི་འཐབ་ཇུས་ཀྱིས་དཔལ་འབྱོར་བཀོད་སྒྲིག་ལུགས་མཐུན་ཡོང་བར་ཁྲིད་སྟོན་བྱེད་པ་དང་། བསྡུར་གཞི་ཡོད་པའི་བཟང་ཆར་རྐང་འཛུགས་པ་དང་། བྱེད་ནུས་ལྡན་ས་གནད་འཁེལ་ངང་འཚོལ་བ། འབྲི་ཆུའི་ཟུར་གསུམ་གླིང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ཏེ། སྟོད་རྒྱུད་དང་དབུས་རྒྱུད་ས་ཁུལ་མཉམ་དུ་འཕེལ་རྒྱས་ཡོང་བར་སྐུལ་ཁྲིད་བྱེད་དགོས། གཅིག་གྱུར་གྱི་ཚོང་ར་ཆེན་པོ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ས་ཁོངས་ནང་གི“མཉེན་པོ”དང་“མཁྲེགས་པོའི”འབྲེལ་མཐུད་ཀྱི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་བ། རྒྱལ་སྤྱིའི་འཁོར་སྐྱོད་ཁྲོད་འབད་པས་ཞུགས་པ། ཚོང་ར་གཉིས་དང་ཐོན་ཁུངས་གཉིས་ཀྱི་མཉམ་འགུལ་ཕན་འབྲས་མངོན་སུམ་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཞེས་གསུངས།
ཏེན་ཞུའེ་ཞང་གིས་གསུང་བཤད་གནང་སྐབས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། མཉམ་དུ་སྲུང་སྐྱོབ་ཆེན་པོ་བྱེད་པ་ལས་གསར་སྤེལ་ཆེན་པོ་མི་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྷད་མེད་འཕེལ་རྒྱས་གཏོང་རྒྱུ་མངོན་གསལ་ཡོང་བར་བྱས་ཏེ། ཆུ་ཚད་མཐོ་བའི་སྲུང་སྐྱོབ་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱེད་དགོས་པ་དང་། གསར་གཏོད་ཀྱི་ལས་སྟེགས་འཛུགས་སྐྲུན་ལ་ཤུགས་སྣོན་པ། གསར་གཏོད་ཕྲེང་འབྲེལ་དང་ཐོན་ལས་ཕྲེང་འབྲེལ་མཉམ་འདྲེས་ཟབ་མོ་ཡོང་བར་སྐུལ་འདེད་གཏོང་བ། ཆུ་ཚད་མཐོ་བའི་ཚན་རྩལ་གསར་གཏོད་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་པ། རྒྱལ་ཡོངས“བསམ་ཇུས་གཅིག”གི་བསམ་བློ་བརྟན་པོ་འཛུགས་པ། བྱེད་ནུས་ཀྱི་ངེས་གནས་དང་གོང་སྤེལ་ཁ་ཕྱོགས་ལུགས་དང་མཐུན་པའི་ངང་གཏན་འཁེལ་བྱེད་པ། མཚོ་རྒྱུད་དང་འབྲི་ཆུ་འབབ་རྒྱུད་དང་སྐམ་སའི་དབུས་ཁུལ་བཅས་ཀྱི་སྒོ་འབྱེད་ལ་གཅིག་གྱུར་གྱིས་འཆར་འགོད་བཅས་བྱས་ཏེ། ཆུ་ཚད་མཐོ་བའི་མཉམ་སྒྲུབ་མཉམ་འགུལ་ལ་བརྟེན་ནས། སྤུས་ཚད་མཐོ་བའི་གོང་སྤེལ་གྱི་མཉམ་ཤུགས་ཆེན་པོ་ཞིག་གྲུབ་པར་བྱེད་དགོས་ཞེས་གསུངས།
ལིས་ཀན་ཅེ་དང་ཧི་ལིས་ཧྥུན། ཝུའུ་ཀྲིན་ལུང་། མུའུ་ཧུང་། ཅང་ཞིན་ཀྲི་བཅས་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་འབྲེལ་ཡོད་ས་གནས། འབྲེལ་ཡོད་ཁེ་ལས་བཅས་ཀྱི་འགན་འཁུར་བློ་མཐུན་བཞུགས་མོལ་ཚོགས་འདུར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།