ཟླ་བཅུ་པའི་ཚེས་བཅུ་གཉིས་ཉིན་གྱི་ཕྱི་དྲོ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན།དེ་བཞིན་ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།མཚོ་སྔོན་ཞིང་ཆེན་གྱི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས་པར་མ་ཟད་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས།
ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་སྔོན་གཅིག་འདོམས་དམ་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད། རྒྱལ་སྟོན་ལ་རྟེན་འབྲེལ་ཞུ་བ། ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་གཉེར་བ་བཅས་ལ་དམིགས་ནས་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གནང་བར་མ་ཟད། སྐོར་གཟིགས་དག་ཐེར་ལ་དམིགས་ནས་ཏང་གི་རང་ངོས་གསར་བརྗེ་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་དམིགས་ནས་ཀྲུང་གོའི་འདོད་ཚུལ་མཚོན་པར་བྱས་ཏེ། རྒྱལ་ཁབ་སྟོབས་ཆེར་གཏོང་བ་དང་མི་རིགས་བསྐྱར་དར་ལ་དམིགས་ནས་གདེང་ཚོད་ཀྱི་འགན་འཁྲི་འཁུར་རྒྱུ་དེ་ནི་མཚོ་སྔོན་གྱི་ལས་དོན་ཁག་ཡག་པོ་སྒྲུབ་པའི་གཞི་འཛིན་ས་གལ་ཆེན་ཞིག་རེད་ཅེས་བསྟན།
ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཐོག་མཐའ་བར་གསུམ་དུ་སློབ་སྦྱོང་མ་བྱས་ན་བསམ་བློ་རེངས་པོར་འགྱུར་སྲིད་པ་དང་། དོན་འཁྱོལ་དམ་འཛིན་བྱེད་སྐབས་བསམ་ཕྱོགས་ཉུང་བ་དང་གསར་གཏོད་དཀོན་པ་བློ་ལ་བརྟན་པོར་ངེས་དགོས་ཤིང་། “གྲོས་གཞི་ཨང་དང་པོའི”ལམ་ལུགས་ཀྱི་བཀོད་སྒྲིག་གཞིར་བཟུང་ནས་བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ་རང་འགུལ་ངང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རྗེས་བསྙེགས་ནས་སློབ་སྦྱོང་བྱེད་པ་དང་། གོ་བ་ལེན་པ། ལག་ལེན་ཏན་ཏིག་བསྟར་བ། གོ་བ་གཏིང་ཟབ་ལེན་པ། གོ་དོན་མཐིལ་རྟོགས་ཐུབ་པ་བཅས་བྱས་ནས་ཤེས་སྤྱོད་ཟུང་འབྲེལ་དང་སྦྱངས་པ་གོ་ཆོད་ཡོང་བར་བྱས་ཏེ། ཞིང་ཆེན་ཏང་ཨུའི་ལས་དོན་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་གྱི་མཛུབ་སྟོན་གལ་ཆེན་ལ་ཆབ་སྲིད་རང་བཞིན་དང་བསམ་བློའི་རང་བཞིན། མཛུབ་སྟོན་རང་བཞིན་དྲག་པོ་བཅས་ལྡན་པས་དྲིལ་བསྒྲགས་བསམ་བློའི་ལས་དོན་སྔར་ལས་ཡག་པོ་བསྒྲུབ་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད། རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་ཟུང་འབྲེལ་བྱས་ཏེ་ཞི་ཅིན་ཕིང་གི་རིག་གནས་བསམ་བློར་ཁྱོན་ཡོངས་ནས་གོ་བ་བླངས་ཏེ་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་རྩ་བའི་བསྲུང་བྱ་ཁོང་དུ་བརྟན་པོར་ཆུད་པར་བྱེད་དགོས། ཏང་གི་འགོ་ཁྲིད་ལ་ཏན་ཏིག་གིས་ཤུགས་སྣོན་པ་དང་། དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་གྱི་གལ་ཆེན་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ཞིབ་ཚགས་བྱེད་པ། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པ། བསམ་བློ་རིག་གནས་ཀྱི་ཁྲིད་སྟོན་ནུས་པ་ཆེ་རུ་གཏོང་བ། འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་གཙོ་བོ་སྲུང་སྐྱོང་ཡག་པོ་བཅས་བྱེད་དགོས། རིག་གནས་ལ་བརྟེན་ནས་ཞིང་ཆེན་སྟོབས་ཆེར་གཏོང་རྒྱུ་ཇེ་མགྱོགས་སུ་གཏོང་བ་དང་། དྲིལ་བསྒྲགས་ལས་དོན་གྱི་ཆུ་ཚད་དང་ཕན་ནུས་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ། དྲིལ་བསྒྲགས་ལས་དོན་གྱི་རང་འགུལ་དམག་འཐབ་ཡག་པོ་རྒྱག་པ་བཅས་བྱས་ཏེ་མཚོ་སྔོན་ཤེས་རྟོགས་དང་། མཚོ་སྔོན་ལ་དགའ་ཞེན། མཚོ་སྔོན་དྲིལ་བསྒྲགས་ཡག་པོ་བཅས་བྱས་ནས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་གཏོང་དགོས།
ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་བའི་གཞུང་དོན་ཐིན་གྱི་ལས་དོན་ལ་གནང་བའི་མཛུབ་སྟོན་གལ་ཆེན་དང་རྒྱལ་ཡོངས་ཏང་ཨུ་དང་སྲིད་གཞུང་གི་དྲུང་ཡིག་ཆེན་མོའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་ལེན་རྒྱུ་དེ་ནི“གཉིས་གཉེར”ལས་དོན་ཡག་པོ་སྒྲུབ་པའི་འགག་རྩ་ཞིག་རེད། ཆབ་སྲིད་ལས་ཁུངས་འཛུགས་སྐྱོང་ཡག་པོ་བྱས་ཏེ་ཆབ་སྲིད་ཀྱི་འགག་སྲུང་ནུས་པ་སྔར་ལས་ཆེ་རུ་བཏང་ནས་ཏང་གི་ཁྱོན་ཡོངས་འགོ་ཁྲིད་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། “གཏན་ཕབ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”ཀྱི་ཐོག་ནས་མིག་དཔེ་བཟང་པོ་སྟོན་ཐུབ་པ་དང་དཔེ་སྟོན་ཡག་པོ་བྱེད་ཐུབ་པར་བྱེད་དགོས། “ངེས་པར་དུ་བྱེད་དགོས་པ་བདུན”གྱི་བླང་བྱ་གལ་ཆེན་དོན་འཁྱོལ་ནན་ཏན་བྱས་ནས་ཏང་བློ་བདེ་བ་དང་མི་དམངས་བློ་ཡིད་ཚིམ་པའི་དཔེ་བཟང་ལས་ཁུངས་ཤིག་བྱེད་དགོས། “གཉིས་གཉེར”ལས་དོན་ལ་སྤྱི་འདོམས་ཡག་པོ་བྱས་ནས་དོན་འཁྱོལ་དམ་འཛིན་བྱེད་པའི་གཞི་རྩའི་འགན་ནུས་སྔར་ལས་ཡག་པོར་སྒྲུབ་སྟེ། “མྱུར་བ་དང་བརྟན་པོ། གཟབ་ནན། འཕྱུགས་མེད། ཞིབ་ཚགས། ཏན་ཏིག་བཅས”ཀྱི“ཞབས་ཞུ་གསུམ”གྱི་ཆུ་ཚད་མཐོ་རུ་གཏོང་དགོས།
ཚོགས་ཐོག་ནས་བསྟན་དོན། བཟོ་ལས་ཅན་གསར་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་རྒྱལ་ཡོངས་ཀྱི་བཟོ་ལས་ཅན་གསར་བར་སྐུལ་འདེད་གཏོང་བའི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དེར་གོ་བ་ནན་ཏན་ལེན་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་བསྐྲུན་རྒྱུར་དམིགས་པ། ཐོན་ལསཀྱི་“གནས་བཞི”དང་གཞི་གྲངས་དཔལ་འབྱོར་ལ་དམིགས་པ། བཟོ་ལས་ཅན་གསར་བར་སྐུལ་འདེད་མགྱོགས་པོ་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་ལ་ཞིབ་འཇུག་བཅས་བྱས་ཏེ། རང་རེའི་ཞིང་ཆེན་གྱི་བཟོ་ལས་ཅན་གསར་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏིང་ཟབ་གཏོང་དགོས། འཐབ་ཇུས་རང་བཞིན་གྱི་གཏེར་ཁའི་ཐོན་ཁུངས་གསོག་འཇོག་ཇེ་མང་དུ་གཏོང་བ་དང་། དྭངས་གཙང་ནུས་རྒྱུ་ཐོན་འཕར་དང་ཕྱིར་གཏོང་བྱེད་རྒྱ་ཆེ་རུ་གཏོང་བ། ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་བཅས་ཀྱི་ཐད་མུ་མཐུད་དུ་ཤུགས་སྣོན་པ། བཟོ་ལས་ཅན་གསར་བའི་གཙོ་གནད་ལས་འགན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས་བཟོ་སྐྲུན་གྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་རྒྱུ་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས། ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་པ་དང“དམ་འཛིན་གསུམ”དང་།“བརྟན་འཇགས་གསུམ”“འགན་ལེན་གསུམ”སོགས་གཙོ་གནད་ལས་དོན་ལ་དམིགས་ནས་ནུས་ཤུགས་ཡོད་རྒུས་དུས་ཚིགས་བཞི་པར་མཐའ་མའི་གདོང་མཆོང་བྱས་ཏེ། ལོ་འཁོར་གྱི་དམིགས་འབེན་འོས་འགན་བརྩོན་ལེན་བྱེད་པའི་ཐད་ལ་འབད་བརྩོན་ཆེན་པོས་གྲུབ་འབྲས་བཟང་བོ་ཐོབ་པར་བྱེད་དགོས།
ཚོགས་འདུའི་ཐོག་བསྟན་དོན། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་ལས་དོན་ཚོགས་འདུ་དང2023ལོའི་རྒྱལ་ཡོངས་ས་གནས་ཁྲིམས་འཛུགས་ལས་དོན་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་འཛུགས་ལས་དོན་དང་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་འཕེལ་རིམ་འབྲེལ་མཐུད་དམ་ཟབ་བྱས་ནས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་བསྟར་བ་དང་། དམངས་འཐུས་ཚོགས་ཆེན་གྱི་འགན་ནུས་འདོན་སྤེལ་གང་ལེགས་བྱེད་པ། མཐོ་ས་བསྐྲུན་པ་དང“གནས་བཞི”འཛུགས་སྐྲུན་བྱེད་པ་སོགས་གཙོ་གནད་ལས་དོན་ལ་དམ་པོར་དམིགས་ཏེ། ཁྲིམས་འཛུགས་ལ་བརྟེན་ནས་གནད་དོན་དངོས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཁྲིམས་འཛུགས་ལས་དོན་ལ་སྤྱི་འདོམས་འཆར་འགོད་དང་སྟངས་འཛིན་ཡག་པོ་བྱེད་དགོས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྲིད་གཞུང་གི་བུ་ལོན་དོ་དམ་གནས་ཚུལ་སྙན་སེང་ཞུ་བའི་ལམ་ལུགས་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་དང་བཀོད་སྒྲིག་ལ་ཉན་ནས་གྲོས་ཞིབ་བྱེད་པ་དང་། དམངས་ཆེན་གྱི་ལྟ་སྐུལ་དང་བུ་ལོན་གྱི་ལས་དོན་ཟུང་འབྲེལ་དམ་པོ་བྱས་ཏེ། སྲིད་གཞུང་གི་བུ་ལོན་གྱི་ལྟ་སྐུལ་དང་སྔོན་རྩིས་ངེས་རྩིས་ཀྱི་ཞིབ་བཤེར་ལྟ་སྐུལ། རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་དོ་དམ་བྱས་ཚུལ་ལྟ་སྐུལ། རྩིས་བཤེར་ལས་རྩད་ཆོད་པའི་གནད་དོན་འབུར་ཐོན་དག་ཐེར་ཡོ་བསྲང་བྱེད་ཚུལ་ལ་ལྟ་སྐུལ་བྱེད་པ་བཅས་དང་། དེ་བཞིན་བུ་ལོན་གྱི་ཉེན་ཁ་སྔོན་འགོག་དང་སེལ་ཐབས་བྱེད་པ་སོགས་ཀྱི་ལས་དོན་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། སྔོན་རྩིས་དང་ངེས་རྩིས། སྔོན་རྩིས་ལེགས་སྒྲིག་དང་ཞིབ་བཤེར་ཆོག་མཆན་འགོད་པ་དང་། སྔོན་རྩིས་ལག་བསྟར་དང་ལྟ་སྐུལ་གྱི་ཁྱབ་ཁོངས་ཁག་ཏུ་ཁྱབ་པར་བྱས་ཏེ། མ་ལག་རང་བཞིན་གྱི་ཉེན་ཁ་མི་འབྱུང་བའི་གཞི་ཐིག་མཐའ་གཅིག་ཏུ་བསྲུང་དགོས།
ཚོགས་འདུའི་ཐོག“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་ལས་དོན་ཇུས་འགོད་བྱེད་ཤུགས་ཆེ་རུ་བཏང་ནས་དོན་དངོས་དང་ཟུང་འབྲེལ་གྱིས“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་ལས་དོན་གྱི་འཆར་འགོད་བཟོ་བ་དང་། འགན་འཁྲི་དོན་འཁྱོལ་ནན་མོ་བྱེད་པ། གཅིག་འདོམས་ལ་མཐོང་ཆེན་དང་སྐུལ་ཁྲིད་བྱ་རྒྱུར་མཐོང་ཆེན་བྱེད་པ། ད་ཡོད་ཀྱི་ཐོན་ཁུངས་མ་དངུལ་བསྡུ་སྒྲིལ་བྱེད་པ་སོགས་ཀྱི་རྒྱུ་རྐྱེན་གཙོ་བོ་བསྡུ་སྒྲིལ་བྱས་ནས་ཞིང་ཆེན་དང་ཁུལ། རྫོང་བཅས་རིམ་པ་གསུམ་གྱི་མི་དམངས་སྨན་ཁང་གི་ཐོན་ཁུངས་མཉམ་སྤྱོད་དང་། ལེགས་ཆ་གསབ་རེས། མཉམ་འགུལ་འཕེལ་རྒྱས་བཅས་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་ཕན་ནུས་ངེས་ཅན་ཐོན་པ་ དང་ཤེས་ལྡན་པ་གསོ་སྐྱོང་གི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་རོགས་སྐྱོར་བྱ་བའི་སྤུས་ཚད་དང་ཕན་འབྲས་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་ཞེས་བསྟན།
ཚོགས་འདུའི་ཐོག《མཚོ་སྔོན་ཞིང་ཆེན་གྱི་བདེ་འཇགས་ཐོན་སྐྱེད་སྲོལ་ཡིག》ལ་གྲོས་ཞིབ་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་ལ་ངོས་འཛིན་གསལ་པོ་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་འདུ་ཤེས་དེ་ལས་དོན་ཁག་དང་ལྷག་པར་དུ་ཐོན་སྐྱེད་ཁྱབ་ཁོངས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་སོ་སོར་ཁྱབ་པར་བྱས་ནས་ལྷོད་གཡེང་གི་བསམ་བློ་མཐའ་གཅིག་ཏུ་ཁྱད་བསལ་བྱེད་པ་དང་། སྲོལ་ཡིག་གི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། འགན་འཁྲི་དོན་འཁྱོལ་གྱི་གནད་དོན་གཙོ་བོ་ཐག་གཅོད་བྱེད་དགོས་པ་བཅས་ནན་བཤད་བྱས། ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་འཛོལ་ཚབས་ཆེན་གྱི་མི་མངོན་པའི་རྐྱེན་ངན་ཆེད་དོན་ཞིབ་བཤེར་བཅོས་སྒྲིག་འགུལ་སྐྱོད་དང་ཟུང་འབྲེལ་བྱས་ཏེ། ལས་རིགས་ཁག་གི་དགུན་དུས་བདེ་འཇགས་ཀྱི་དོགས་ཟོན་བྱེད་ཐབས་སྔ་མོ་ནས་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་། འགན་འཁྲི་འཁུར་མཁན་ལ་སྣེ་ཁྲིད་བྱས་ཏེ་ཕྱོགས་གཅིག་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་གཅིག་གི་བདེ་འཇགས་འགན་ལེན་བྱེད་པའི་འགན་འཁྲི་ལྕི་མོ་མཐའ་གཅིག་ཏུ་འཁུར་དུ་འཇུག་དགོས།
ཚོགས་ཐོག་ནས་ད་རུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།