ཟླ་བཅུ་པའི་ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གི་གྲོས་ཚོགས་ཐེངས་བཅུ་གསུམ་པ་པེ་ཅིང་དུ་བསྡུས་པ་དང་། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་མགོ་འཛིན་གནང་། ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པ་ཟླ་བཅུ་པའི་ཚེས་ཉི་ཤུ་ཉིན་ནས་ཚེས་ཉེར་བཞི་ཉིན་བར་པེ་ཅིང་དུ་བསྡུ་རྒྱུ་གཏན་འབེབས་བྱས།
ཨུ་ཡོན་ཀྲང་གི་གྲོས་ཚོགས་སྟེང་དུ། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པའི་སྟེང་ནས་རྒྱ་མཚོའི་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་འཆར་ཟིན། འབྲུ་རིགས་བདེ་འཇགས་འགན་སྲུང་བཅའ་ཁྲིམས་ཀྱི་འཆར་ཟིན། དགེ་སྒྲུབ་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་བཅས་ལ་གྲོས་ཞིབ་བྱེད་དགོས་ལ། ཨུ་ཡོན་ཀྲང་གྲོས་ཚོགས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞིར་གྲོས་ཞིབ་བྱས་པ་དང་། རྒྱལ་ཁབ་ཀྱི་གསང་བའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོས་གཞི་དང་། འགོས་ནད་འགོག་བཅོས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞི། སྒོ་ཁྲལ་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞི། རིག་དངོས་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞི། གྲོས་ཞིབ་བྱེད་དབང་ལ་ས་གནས་སྲིད་གཞུང་གི་བུ་ལོན་གྱི་བཅད་གྲངས་གསར་པ་ཁག་ཅིག་སྔ་སྣུར་གྱིས་འགྲེམས་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞི་བཅས་ལ་གྲོས་ཞིབ་བྱས་པ་ལས་གཞན། ད་དུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཀྲུང་གོ་དང་ཁོ་ལོམ་པི་ཡའི་ཁྲིམས་གཅོད་ཕོག་མཁན་གྱི་གན་རྒྱར་གྲོས་ཞིབ་དང་ཆོག་མཆན་སྤྲོད་རྒྱུའི་རེ་ཞུ་དང་། ཀྲུང་གོ་དང་མོ་རི་ཐིའུ་སིའི་ཁྲིད་སྐྱེལ་ཆིངས་ཡིག《མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་ཁོངས་ལས་བརྒལ་ཏེ་ནག་ཉེས་བཟོ་བའི་རྩ་འཛུགས་ཀྱི་ཁྲིམས་འགལ་ངང་མེ་མདའ་བཟོ་བ་དང་སྐྱེལ་འདྲེན་དང་དེའི་ལྷུ་ལག་དང་འབར་མདེལ་ལ་རྡུང་རྡེག་གཏོང་དགོས་པའི་སྐོར་གྱི་སྤྱི་ཆིངས་ཀྱི་ཁ་གསབ་གྲོས་ཆོད་ཡི་གེ》། 《ཨེ་ཤ་ཡའི་ཕན་ཚུན་མཐུན་སྦྱོར་དང་ཡིད་ཆེས་བྱེད་ཐབས་ཀྱི་ཚོགས་འདུའི་དྲུང་ཡིག་ཁྲུའུ་དང་དེའི་མི་སྣ། ཁོངས་མིའི་རྒྱལ་ཁབ་བཅས་ཀྱི་འཐུས་མིའི་དམིགས་བསལ་དབང་ཆ་དང་ཁྲིམས་སྒོ་རང་བཙན་གྱི་སྤྱི་ཆིངས》བཅས་གྲོས་གཞི་བཞི་དང་། རྒྱལ་སྤྱིའི་མཚོ་འགྲུལ་མཚོན་རྟགས་རྩ་འཛུགས་ཀྱི་སྤྱི་ཆིངས་ནང་ཞུགས་རྒྱུར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞི་བཅས་ལ་གྲོས་ཞིབ་བྱས།
རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ལིའུ་ཆི་ཡིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པའི་གྲོས་རིམ་འཆར་ཟིན་དང་ཉིན་རེའི་གྲོས་རིམ་བཀོད་སྒྲིག་སྐོར་ནས་སྙན་ཞུ་ཕུལ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ་དང་། རྒྱལ་ཡོངས་དམངས་ཆེན་གྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ལས་དོན་ཨུ་ཡོན་ལྷན་ཁང་གི་འགན་འཁུར་པས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པའི་འབྲེལ་ཡོད་གྲོས་གཞི་སོགས་ཀྱི་ཐད་ནས་སྙན་ཞུ་ཕུལ།
བན་དེ་སྐྱབས་ཀྱིས་བསྒྱུར།