ཟླ་བཅུ་པའི་ཚེས་བཅུ་གསུམ་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མགོ་འཛིན་གནང་ནས། དཔལ་འབྱོར་གནས་བབ་ཐད་ཀྱི་ཆེད་མཁས་པ་དང་ཁེ་ལས་པའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཆེད་མཁས་པ་དང་ཁེ་ལས་པས་མིག་སྔའི་དཔལ་འབྱོར་གནས་བབ་དང་མ་འོངས་པའི་དཔལ་འབྱོར་ལས་དོན་ཐད་བཏོན་པའི་བསམ་འཆར་དང་གྲོས་འགོར་གསན།
བཞུགས་མོལ་ཚོགས་འདུའི་སྟེང་དུ། ལིའུ་ཡོན་ཁྲུན་དང་ཧོང་ཆུན་ཧོས། ཧུང་དབྱི་ཕིང་། ཀའོ་རོས་ཏུང་། ཀྲུའུ་ཀྲིན་མེན། ཀྲུང་པའོ་ཧྲིན། ཀྲང་ཐེན་རིན། ཁྲིན་ཟི་ཆིན་སོགས་ཀྱིས་སྔ་རྗེས་སུ་གཏམ་བཤད། ཚང་མས་ལོ་སྨད་ནས་བཟུང་རང་རྒྱལ་གྱིས་དུས་འཁོར་ལས་ལྡོག་པའི་སྙོམས་སྒྲིག་ལ་ཤུགས་བསྣན་ནས། དམིགས་འབེན་རང་བཞིན་ཆེ་བའི་སྲིད་ཇུས་དང་བྱེད་ཐབས་ཁག་གཅིག་རིམ་པར་བཏོན་ནས་ལག་བསྟར་བྱས་པའི་དབང་གིས། དཔལ་འབྱོར་སླར་གསོ་དང་ཇེ་ལེགས་ཕྱོགས་སུ་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད། འཕེལ་རྒྱས་ཀྱི་དུས་རིམ་དང་འཕེལ་རྒྱས་ཀྱི་ཆ་རྐྱེན། འཕེལ་རྒྱས་ཀྱི་ལེགས་ཆ་སོགས་ཕྱོགས་གང་ཅིའི་ཐད་ནས་ཕྱོགས་བསྡུས་སྒོས་བསམ་གཞིག་བྱས་པ་ཡིན་ན། རང་རྒྱལ་གྱི་འཕེལ་རྒྱས་མདུན་ལྗོངས་དུས་ཡུན་རིང་བོའི་བར་དུ་ཇེ་ཡག་ཏུ་འགྲོ་ངེས་ཡིན་ཟེར། ཚང་མས་ད་དུང་མིག་སྔའི་དཔལ་འབྱོར་འཁོར་སྐྱོད་ཁྲོད་གནས་པའི་གནད་དོན་ཐག་གཅོད་དང་སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བསམ་འཆར་དང་གྲོས་འགོ་བཏོན།
ལིས་ཆང་གིས་ད་ལོར་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། རང་རྒྱལ་གྱི་དཔལ་འབྱོར་དེ་གཞི་རྩ་བརྟན་པོ་ཡོང་བར་བྱས་པ་ནས་གྲུབ་རྒྱུ་གསོ་སྐྱོང་བྱས་ཏེ་རྒྱུན་མཐུད་ངང་འཕར་སྣོན་བྱུང་བ་དང་ཇེ་ལེགས་སུ་ཕྱིན་ནས། ལོ་ཧྲིལ་པོའི་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་ཡོང་ཆེད་རྨང་གཞི་བརྟན་པོ་བཏིངས་ཡོད་ཅིང་། དུས་མཚུངས་སུ། མདུན་སྐྱོད་ཀྱི་ལམ་བུའི་སྟེང་གནས་པའི་དཀའ་ངལ་དང་འགྲན་སློང་ལ་ངོས་འཛིན་གསལ་པོ་བྱེད་དགོས་ཞེས་གསུངས།
ལིས་ཆང་གིས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ། བརྟན་པོའི་ངང་ཡར་རྒྱས་ཡོང་བ་བཅས་བྱས་ནས། དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས། འཕེལ་རྒྱས་ཀྱི་བསམ་ཕྱོགས་གཏན་འཁེལ་དང་དཔལ་འབྱོར་གྱི་སྲིད་ཇུས་གཏན་འབེབས། སྤྱི་ཁོག་སྙོམས་སྒྲིག་ལག་བསྟར་བཅས་བྱེད་སྐབས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམ་པོར་དམིགས་དགོས། སྤྱི་ཁོག་སྲིད་ཇུས་ཀྱི་སྙོམས་སྒྲིག་ལས་དོན་ནུས་ལྡན་ངང་ལག་བསྟར་བྱ་རྒྱུར་སྔར་ལས་མཐོང་ཆེན་བྱེད་རྒྱུ་དང་། སྤྱི་ཁོག་སྲིད་ཇུས་ཀྱི་སྡེབ་སྒྲིག་བྱེད་ཐབས་སྔར་ལས་ཡག་པོ་སྤྱོད་པ། སྲིད་ཇུས་ཀྱི་གྲ་སྒྲིག་ཞིབ་འཇུག་དང་གསོག་ཉར་ལ་ཤུགས་སྣོན་པ་བཅས་བྱེད་དགོས། བྱེད་ཐབས་སྒྱུར་བ་དང་གྲུབ་ཚུལ་ལེགས་སྒྲིག འགུལ་ནུས་ཆེར་གཏོང་བཅས་ལ་སྔར་ལས་དོ་སྣང་ཆེན་པོ་བྱེད་རྒྱུ་དང་། བློ་བརྟན་འགྱུར་མེད་སྒོས་བཅོས་སྒྱུར་ཟབ་སྤེལ་དང་སྒོ་མོ་འབྱེད་ཤུགས་ཆེ་རུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་དགེ་མཚན་གསར་པ་གང་མགྱོགས་སྒོས་གསོ་སྐྱོང་བཅས་བྱེད་དགོས་ཞེས་ནན་གྱིས་གསུངས།
ལིས་ཆང་གིས་རྒྱ་ཆེའི་ཁེ་ལས་པ་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་བྱས་རྗེས་སྔར་ལས་གང་མང་འཇོག་རྒྱུར་རེ་ལྟོས་བྱེད་ཀྱིན་ཡོད་ཅིང་། ཆེད་མཁས་པ་དང་མཁས་དབང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་ཏེ། དགེ་མཚན་ལྡན་པའི་བསམ་འཆར་མང་ཙམ་འདོན་རྒྱུའི་རེ་བ་ཡོད་ཅེས་གསུངས།
ཝུའུ་ཀྲིན་ལུང་བཞུགས་མོལ་ཚོགས་འདུར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།