རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་ཚེས་བཅུ་གཉིས་ཉིན་པེ་ཅིང་ནས་ཀྲུང་གོ་དང་ཨ་མེ་རི་ཁའི་གྲགས་ཅན་མི་སྣའི་གླེང་སྟེགས་ཀྱི་གྲོས་ཚོགས་ཐེངས་ལྔ་པར་ཞུགས་པའི་ཨ་མེ་རི་ཁའི་འཐུས་མིར་མཇལ་འཕྲད་གནང་།
ཧན་ཀྲིན་གྱིས་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁ་ནི་འཛམ་གླིང་སྟེང་གི་དཔལ་འབྱོར་ཚོགས་ཁག་ཆེན་མོ་གཉིས་ཡིན་པའི་ཆ་ནས། ཐུན་མོང་ཁེ་ཕན་དེ་འགལ་བ་ལས་ལྷག་པར་མངོན་པ་དང་། དཔལ་འབྱོར་ཉོ་ཚོང་དང་ཚན་རྩལ། ནམ་ཟླའི་འགྱུར་ལྡོག་སོགས་ཁྱབ་ཁོངས་ནས་གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་དགོས། ཀྲུང་གོའི་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་ཕན་ཚུན་བརྩི་འཇོག་དང་ཞི་བདེ་མཉམ་གནས། མཉམ་ལས་མཉམ་རྒྱལ་བཅས་ཀྱི་རྩ་དོན་གསུམ་གཞིར་བཟུང་ནས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བར་ལྟ་སྟངས་ཡང་དག་འཛིན་པ་དང་ཐག་གཅོད་བཟང་བོ་བྱེད་དགོས། མིག་སྔའི་གནས་བབ་འོག ཀྲུང་གོ་དང་ཨ་མེ་རི་ཁས་རིམ་པ་སོ་སོའི་འབྲེལ་འདྲིས་དང་གྲོས་མོལ་ལ་ཤུགས་སྣོན་རྒྱུ་ནི་གལ་འགངས་ཧ་ཅང་ཆེ་བ་དང་། ཕན་ཚུན་བར་གྱི་རྒྱུས་ལོན་དང་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་དང་ཐུན་མོང་ལྟ་ཚུལ་གཅིག་སྡུད་བྱེད་པ། འགལ་བ་ཐག་གཅོད་བཟང་བོ་བཅས་བྱས་ཏེ། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ཀྱི་ཆེད་དུ་ཆ་རྐྱེན་བཟང་བོ་བསྐྲུན་པར་ཕན་ཐོགས་ཡོད། གླེང་སྟེགས་ཀྱི་ཕྱོགས་གཉིས་ཀྱི་འཐུས་མིས་ལྷག་བསམ་རྣམ་དག་གིས་བརྗེ་རེས་བྱེད་པ་དང་། ཧུར་ཐག་སྒོས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་འཕེལ་རྒྱས་ཐད་བློ་འདོན་ཇུས་འབུལ་བྱེད་ཐུབ་པའི་རེ་བ་ཡོད་ལ། གླེང་སྟེགས་དེ་བདེ་བླག་ངང་འགྲུབ་པའི་སྨོན་འདུན་ཞུ་ཟེར།
ཨ་མེ་རི་ཁ་ཕྱོགས་ཀྱི་འཐུས་མིས་བསྟན་དོན། ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་དེ་རྒྱལ་ཁབ་གཉིས་དང་ཐ་ན་འཛམ་གླིང་ཡོངས་ལ་མཚོན་ན་ཧ་ཅང་གལ་ཆེན་ཡིན་པ་དང་། གླེང་སྟེགས་གྲོས་མོལ་ལ་བརྟེན་ནས་མཉམ་དུ་མཉམ་ལས་ལ་གྲོས་བསྡུར་བྱེད་པ་དང་དངོས་གཉེར་གྲུབ་འབྲས་ཐོབ་པར་བྱས་ཏེ། ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་ཡང་བསྐྱར་བདེ་ཐང་དང་གཏན་འཇགས་ཀྱི་ལམ་དུ་ཞུགས་པར་སྐུལ་འདེད་གཏོང་བའི་ཐད་བློ་གྲོས་འབུལ་རྒྱུའི་རེ་བ་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།