ཟླ་བཅུ་པའི་ཚེས་བཅུ་གསུམ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ། ཡོ་རོབ་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་པོ་ལའེ་ལིས་ལ་མཇལ་འཕྲད་གནང་།
ཧན་ཀྲིན་གྱིས་ཀྲུང་གོ་དང་ཡོ་རོབ་བར་རྩ་བའི་ཁེ་ཕན་གྱི་གདོང་ཐུག་མེད་པ་དང་ས་མཚམས་ཆབ་སྲིད་ཀྱི་འགལ་བ་མེད་ལ། ཕྱོགས་གཉིས་ཀའི་ཐུན་མོང་ངོས་འཛིན་དེ་མི་མཐུན་པའི་ཆ་ལས་ཆེ་བ་དང་མཉམ་ལས་དེ་འགྲན་རྩོད་ལས་ཆེ། ད་ལོ་ནི་ཀྲུང་གོ་དང་ཡོ་རོབ་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་བཙུགས་ནས་ལོ་ཉི་ཤུ་འཁོར་བའི་ལོ་ཡིན་པ་དང་། ཕྱོགས་གཉིས་ཀའི་དཔལ་འབྱོར་ཚོང་དོན་དང་ཚན་རྩལ། མི་ཆོས་རིག་གནས། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ནས། འཕེལ་རྒྱས་ཀྱི་སྦས་ཤུགས་ཧ་ཅང་ཆེན་པོ་ལྡན། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་ཕྱོགས་དང་མཉམ་དུ། མཐོ་རིམ་བར་གྱི་གྲོས་མོལ་དང་རིམ་པ་སོ་སོའི་འགྲོ་འོང་ལ་ཤུགས་བསྣན་ནས། ཐུན་མོང་གིས་དོ་ཁུར་བྱེད་པའི་གནད་དོན་ཐད་ལྷག་བསམ་ཟོལ་མེད་དང་འབྲེལ་གཏུག་གཏིང་ཟབ་བྱས་ཏེ། ཕྱོགས་གཉིས་ཀའི་བར་ཕན་ཚུན་བསམ་ཤེས་དང་ཕན་ཚུན་ཡིད་ཆེས་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་ནས། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་རྒྱུན་མཐུད་དང་བདེ་ཐང་། བརྟན་པོ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
པོ་ལའེ་ལིས་ཀྱིས་ཀྲུང་གོ་ནི་རླབས་ཆེན་གྱི་རྒྱལ་ཁབ་ཅིག་ཡིན་པར་མ་ཟད། ནུས་པ་གལ་ཆེན་འདོན་ངེས་ཡིན། ཀྲུང་གོའི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་ཐོབ་པའི་གྲུབ་འབྲས་ཀྱིས་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་མ་ཟད། འཛམ་གླིང་ཡོངས་ལའང་དེའི་ཁྲོད་ནས་ཕན་པ་ཐོབ་ཡོད། ད་ཐེངས་ཀྱི་འཚམས་འདྲི་བརྒྱུད་དེ། ཡོ་རོབ་དང་ཀྲུང་གོའི་འབྲེལ་བར་སྔར་ལས་ཤུགས་བསྣན་ནས། ད་ལོའི་ལོ་མཇུག་གི་ཡོ་རོབ་དང་ཀྲུང་གོའི་མགོ་ཁྲིད་པའི་མཇལ་འཕྲད་བདེ་བླག་ངང་སྤེལ་ཐུབ་པར་འགན་ལེན་བྱེད་འདོད་ཡོད་ཅེས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།