ཏེན་ཞུའེ་ཞང་གིས་ཀོང་ཏུང་ཞིང་ཆེན་ཧྲིན་ཀྲིན་གྲོང་ཁྱེར་དུ་རྟོག་ཞིབ་གནང་།
2023.10.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ་བཅུ་པའི་ཚེས་བཅུ་གསུམ་ཉིན་ནས་ཚེས་བཅོ་ལྔ་ཉིན་བར་དུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་ཀོང་ཏུང་ཞིང་ཆེན་ཧྲིན་ཀྲིན་དུ་རྟོག་ཞིབ་གནང་ནས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་བསྟར་ནན་ཏན་བྱས་ཏེ། གསར་གཏོད་ནི་སྒུལ་ཤུགས་གཙོ་བོ་ཡིན་པ་རྒྱུན་འཁྱོངས་བྱས་ནས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་རྒྱུ་དང་། འགག་རྩ་དང་ལྟེ་བར་གྱུར་བའི་ལག་རྩལ་མཁྲེགས་གཏོར་ལ་ཤུགས་སྣོན་པ། ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཁྱབ་ཁོངས་གསར་བ་དང་ཐབས་ལམ་གསར་བ་སྐྲུན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་དང་ལེགས་ཆ་གསར་བ་སྐྲུན་པ་བཅས་བྱེད་དགོས།

ཏེན་ཞུའེ་ཞང་གིས་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་ལ་བརྟེན་ནས་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྒོ་འབྱེད་ཚད་མཐོན་པོ་ཡིན་པའི་རྒྱལ་སྤྱི་ཅན་གྱི་ཚན་རིག་ཞིབ་འཇུག་ལམ་ལུགས་ཀྱི་ཁོར་ཡུག་བསྐྲུན་རྒྱུར་ཤུགས་སྣོན་དགོས་པ་དང་། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་གླིང་ཁུལ་གཉེར་སྐྱོང་དོ་དམ་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། ཚན་རྩལ་ཐོན་ཁུངས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་རྩེར་སོན་ཚན་རྩལ་འཇོན་མི་རྒྱ་ཁྱབ་ངང་བསྡུ་འགུག་བྱེད་པ། རྒྱལ་སྤྱིའི་རྩེར་སོན་ཚན་རྩལ་གསར་གཏོད་ལས་སྟེགས་གང་མགྱོགས་ངང་བསྐྲུན་པ། ཀོང་ཏུང་དང་ཞང་ཀང་། ཨོ་མིན་བཅས་ཀྱི་མཚོ་ཁུགས་ཆེན་མོའི་ཁུལ་གྱི་རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ལྟེ་གནས་སྐྲུན་པ་བཅས་བྱེད་དགོས་ཞེས་གསུངས།

ཏེན་ཞུའེ་ཞང་གིས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་གྱི་དགོས་མཁོར་དམིགས་ཏེ། ལས་རིགས་སློབ་གསོའི་སྒྲིག་སྲོལ་དང་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། རིག་ཚན་དང་ཆེད་ལས་བཀོད་སྒྲིག་སྔར་ལས་ཇེ་ལེགས་སུ་གཏོང་བ། བྱང་ཚད་མཐོ་བའི་ལག་རྩལ་དང་རྩལ་ནུས་སྐོར་གྱི་འཇོན་མི་གསོ་སྐྱོང་ཤུགས་ཆེན་བཅས་བྱེད་དགོས་ཞེས་གསུངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀོང་ཏུང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཧོང་ཁུན་མེན་རྟོག་ཞིབ་ལ་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།