ཟླ་བཅུ་པའི་ཚེས་བཅུ་དྲུག་ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་ཉི་ཤུ་པའི་སྟེང་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ་ཁ་ཡིག་ལ། 《མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་ཡུལ་ཁམས་གསར་པ་བསྐྲུན་དགོས》ཞེས་པ་སྤེལ།
རྩོམ་ཡིག་ལས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་ཡུལ་ཁམས་གསར་པ་བསྐྲུན་པའི་ཐད་ནས་ལས་འགན་གལ་ཆེན་བཏོན་ཡོད་ཅིང་། དེ་ནི་དེང་རབས་ཀྱི་ཀྲུང་གོ་གུང་ཁྲན་ཏང་མིའི་གཟི་བརྗིད་ལྡན་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཞིག་ཡིན། ང་ཚོས་བརྗོད་གཞི་འདི་ལ་བརྟེན་ནས་ཐུན་མོང་སློབ་སྦྱོང་བྱེད་པའི་དམིགས་ཡུལ་ནི། ཏང་གི་གཞུང་ལུགས་གསར་གཏོད་བྱེད་པའི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་སྔར་ལས་གཏིང་ཟབ་བྱེད་རྒྱུ་དང་། གཞུང་ལུགས་གསར་གཏོད་བྱེད་པའི་གནས་ཐིག་དང་ཁ་ཕྱོགས། བྱེད་ཐབས་བཅས་གཏན་འཁེལ་སྔར་ལས་གང་ལེགས་བྱས་ཏེ། དུས་རབས་གསར་བ་དང་སྐྱོད་ལམ་གསར་བའི་སྟེང་དུ། གཞུང་ལུགས་གསར་གཏོད་ལ་གྲུབ་འབྲས་སྔར་ལས་གཡུར་དུ་ཟ་བ་ཐོབ་པར་འབད་དགོས་པའི་དབང་གིས་ཡིན་ཞེས་ནན་གྱིས་བསྟན།
རྩོམ་ཡིག་ལས་ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ལ་ཕྱིར་མིག་ལྟ་སྐབས། རང་རེའི་ཏང་གིས་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ཀྱི་ལོ་རྒྱུས་དུས་སྐབས་སོ་སོར་གྲུབ་འབྲས་གལ་ཆེན་བླངས་པ་དང་། མི་དམངས་ཀྱི་སྣེ་ཁྲིད་དེ་ཀྲུང་གོས་ཆབ་སྲིད་སྟོབས་ཤུགས་གཞན་དག་གིས་འགྲུབ་མི་སྲིད་པའི་དཀའ་ཚེགས་ཆེ་བའི་ལས་འགན་ཡོངས་འགྲུབ་བྱེད་ཐུབ་པའི་གཞི་རྩ་ནི། མར་ཁེ་སི་རིང་ལུགས་ཀྱི་ཚན་རིག་དང་མཐུན་པའི་གཞུང་ལུགས་ཁོང་དུ་ཡང་དག་པར་ཆུད་པར་བྱས་པ་དང་། དོན་དངོས་གསར་བ་དང་རྒྱུན་ཆད་མེད་པར་ཟུང་འབྲེལ་དམ་ཟབ་བྱས་ནས། གཞུང་ལུགས་གསར་གཏོད་ལ་སྐུལ་འདེད་བཏང་སྟེ། ཏང་གིས་བདེན་དོན་གྱི་སྟོབས་ཤུགས་ཆེན་པོ་ཁོང་དུ་ཆུད་ཡོད་པའི་དབང་གིས་ཡིན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུས་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་བྱས་པའི་རྨང་གཞིའི་སྟེང་དུ། “ཟུང་འབྲེལ་གཉིས”དང“ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པ་དྲུག”སོགས་ཏང་གི་གཞུང་ལུགས་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་བའི་ཚན་རིག་དང་མཐུན་པའི་ཐབས་ཤེས་བཏོན་ནས་རྒྱས་བཤད་བྱས་ཡོད་པ་དང་། ཏང་གི་གཞུང་ལུགས་གསར་གཏོད་ལ་མུ་མཐུད་སྐུལ་འདེད་གཏོང་བར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་པས། ང་ཚོས་ངེས་པར་དུ་རྒྱུན་འཁྱོངས་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་དགོས་ཞེས་བསྟན།
རྩོམ་ཡིག་ལས་ཐོག་མཐའ་བར་གསུམ་དུ་གཞུང་ལུགས་གསར་གཏོད་ཀྱི་བླ་སྲོག་དང་རྩ་བ་བརྟན་སྲུང་བྱེད་དགོས། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་བརྗོད་གཞི་གལ་ཆེན་འདིས། ང་ཚོས་མར་ཁེ་སི་རིང་ལུགས་ཞེས་པའི་བླ་སྲོག་དང་རྩ་བ་འདི་གཏན་ནས་འདོར་མི་རུང་བ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་རྩ་བ་འདི་གཏན་ནས་འདོར་མི་རུང་བ་ཐག་གཅོད་བྱས་ཡོད། བླ་སྲོག་དང་རྩ་བ་འདི་བརྟན་སྲུང་བྱ་རྒྱུ་ནི། གཞུང་ལུགས་གསར་གཏོད་བྱེད་པའི་རྨང་གཞི་དང་སྔོན་འགྲོའི་ཆ་རྐྱེན་ཡིན་ལ། གཞུང་ལུགས་གསར་གཏོད་བྱ་རྒྱུ་དེའང་བླ་སྲོག་དང་རྩ་བ་འདི་སྔར་ལས་བརྟན་སྲུང་བླ་ལྷག་བྱེད་ཆེད་ཡིན། ངེས་པར་དུ་མར་ཁེ་སི་རིང་ལུགས་ལ་བརྟེན་ནས་ཏང་འཛུགས་རྒྱལ་འཛུགས་དང་ཏང་དར་རྒྱལ་དར་གྱི་གཞི་རྩ་དེར་གཡོ་འགུལ་མི་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རང་རྒྱལ་ཁབ་ཀྱི་གཞི་རྩ་དང་མི་རིགས་རང་གི་ལོ་རྒྱུས་དང་རིག་གནས་ཀྱི་ཞིང་ས་གཤིན་པོའི་སྟེང་དུ་མར་ཁེ་སི་རིང་ལུགས་འཕེལ་རྒྱས་གཏོང་མཚམས་མི་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་རྒྱུ་དང་། མར་ཁེ་སི་རིང་ལུགས་ཀྱི་བསམ་བློའི་སྙིང་བཅུད་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་སྙིང་བཅུད་ཟུང་འབྲེལ་སྒོས་རིགས་པའི་གཞུང་ལུགས་ཀྱི་བཟང་ཆ་གསར་བར་བསྒྱུར་གང་ཐུབ་བྱས་ནས། བསམ་བློའི་ཡང་རྩེར་བསྐྱོད་གང་ཐུབ་བྱེད་དགོས། གཞུང་ལུགས་ཀྱི་མཐོང་རྒྱ་ཆེ་རུ་གཏོང་བ་དང་བློ་རྒྱ་ཡངས་པོར་བརྟེན་ནས། མིའི་རིགས་སྤྱི་ཚོགས་ཀྱི་ཤེས་རིག་གྲུབ་འབྲས་ཕུལ་བྱུང་ཅན་མཐའ་དག་ལ་སློབ་སྦྱོང་དང་དེ་དཔྱད་གཞིར་འཛིན་པ། “མིའི་རིགས་ཀྱི་ཤེས་བྱའི་སྤྱི་ཁོག”ཁྲོད་བསམ་བློ་དང་རིག་གནས་ཀྱི་ཕུལ་བྱུང་ཐོན་ཁུངས་བསྡུ་ལེན་བྱས་ནས། ཏང་གི་གཞུང་ལུགས་གསར་གཏོད་དང་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ། ཀུན་གྱི་ལེགས་ཆ་མཉམ་སྡུད་མཉམ་གསོག་བྱེད་པའི་གཞུང་ལུགས་ཀྱི་རྣམ་པ་ཆེན་པོ་ཞིག་གྲུབ་པར་བྱེད་དགོས་ཞེས་བསྟན།
རྩོམ་ཡིག་ལས་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་གསར་བར་དུས་ཐོག་ཏུ་ཚན་རིག་དང་མཐུན་པའི་སྒོ་ནས་ལན་འདེབས་དགོས། དུས་རབས་སོ་སོར་འབྱེད་ནུས་པའི་གཞུང་ལུགས་མཐའ་དག་ནི། དུས་རབས་ཀྱི་དགོས་མཁོ་སྐོང་ཐུབ་པའི་ཐོན་དངོས་ཤ་སྟག་ཡིན། གཞུང་ལུགས་ཀྱི་འཕུར་མཆོང་ནི་ཐ་སྙད་གསར་བ་འཛུགས་པའི་ཐད་ནས་མཚོན་པ་མིན་ལ། གཏན་ཚིགས་ཀྱི་རང་མོས་རང་མཁས་སྟེང་ནས་ཀྱང་མཚོན་པ་མིན་པར། མཐར་གཏུགས་ནས་བཤད་ན། ལག་ལེན་གྱི་གནད་དོན་ལ་ལན་འདེབས་རྒྱུ་དང་ལག་ལེན་གྱི་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་རྒྱུའི་ཐད་ནས་མཚོན་དགོས། མར་ཁེ་སི་རིང་ལུགས་ནི་ལག་ལེན་གྱི་གཞུང་ལུགས་ཤིག་ཡིན། ང་ཚོས་གཞུང་ལུགས་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་རྒྱུ་ནི་ལག་ལེན་གྱི་རྨང་གཞིའི་སྟེང་ནས་གཞུང་ལུགས་གསར་གཏོད་བྱ་རྒྱུ་ཡིན་པ་ལས་རྩ་བ་ཚུགས་མི་ཐུབ་པའི་སྟོང་བསམ་དེ་འདྲ་མིན། ངེས་པར་དུ་ལག་ལེན་དངོས་ཀྱི་ཁྲོད་ནས་བདེན་དོན་བཙལ་ནས་རྙེད་པར་བྱེད་པ་དང་བདེན་དོན་འཕེལ་བར་བྱེད་པ། ལག་ལེན་ལ་བརྟེན་ནས་བདེན་དོན་འཚོལ་བ། བདེན་དོན་ཞིབ་བཤེར་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ད་ལྟ་ང་ཚོའི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འཕེལ་བར་སྐུལ་སྤེལ་གཏོང་བའི་ལས་འགན་ཇེ་ཡང་དུ་ཕྱིན་མེད་པར་སྔར་ལས་ཇེ་ལྕི་རུ་ཕྱིན་ཡོད། ལོ་རྒྱུས་ཀྱི་ལྟ་བ་ཆེན་པོ་བརྟན་པོར་འཛུགས་པ་དང་མིག་རྒྱང་སྔར་ལས་ཆེན་པོ་བཅངས་ཏེ། འཛམ་གླིང་གི་ལོ་རྒྱུས་འཕེལ་རྒྱས་འགྲོ་བའི་གོ་རིམ་དང་འཕེལ་ཕྱོགས་ཁོང་དུ་ཡང་དག་པར་ཆུད་པར་བྱེད་པ་དང་། རང་རྒྱལ་གྱི་སྤྱི་ཚོགས་འཕེལ་རྒྱས་དང་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་གཏན་ཚིགས་ཀྱི་འཕེལ་ཕྱོགས་ཆེན་མོ་གསལ་རྟོགས་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལོ་རྒྱུས་འཕེལ་རིམ་དང་ལག་ལེན་གྱི་བླང་བྱ་ཁོང་དུ་ཆུད་པར་བྱེད་པ། དངོས་ཡོད་གནད་དོན་ཐག་གཅོད་བྱེད་པའི་ཚན་རིག་དང་མཐུན་པའི་འདུ་ཤེས་དང་བྱེད་ཐབས་ནུས་ལྡན་ཁྱོན་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་འདོན་གང་ཐུབ་བཅས་བྱས་ཏེ། དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་ཉེར་གཅིག་པའི་མར་ཁེ་སི་རིང་ལུགས་ལ་སྔར་ལས་གོ་བསྐོན་བློ་འགུག་གི་ནུས་པ་ལྡན་ཞིང་བདེན་དོན་གྱི་སྟོབས་ཤུགས་ལྡན་པར་འབད་དགོས་ཞེས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།