ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གིས་བཟོ་བཅོས་བྱས་རྗེས་ཀྱི《ལས་བྱེད་པའི་སློབ་གསོ་གསོ་སྦྱོང་བྱ་བའི་སྲོལ་ཡིག》དཔར་འགྲེམ་བྱས་ཤིང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་གཟབ་ནན་གྱིས་ལག་བསྟར་བྱེད་དགོས་པའི་བརྡ་སྦྱོར་བཏང་།
བརྡ་སྦྱོར་ལས་བསྟན་དོན། ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ནི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་གྱི་སྔོན་ཁྲིད་རང་བཞིན་དང་རྨང་གཞི་རང་བཞིན། འཐབ་ཇུས་རང་བཞིན་གྱི་བཟོ་སྐྲུན་ཞིག་ཡིན་ཞིང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རླབས་ཆེན་ལས་དོན་དང་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་བ་སྤེལ་བའི་ཁྲོད་དུ་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་གོ་གནས་དང་བྱེད་ནུས་གལ་ཆེན་ལྡན། སྲོལ་ཡིག་བཟོ་བཅོས་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་བ་དང་། ཕྱོགས་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་གལ་ཆེན་ལག་བསྟར་བྱེད་པ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས། དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་བླང་བྱ་དང་དུས་རབས་གསར་བའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་ལེན་བྱས་ཏེ། ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལག་ལེན་གྱི་ཉམས་མྱོང་གསར་བ་དང་གྲུབ་འབྲས་གསར་བ་སྤྱི་སྡོམ་བྱས་ནས། ལས་བྱེད་པའི་སློབ་གསོ་གསོ་སྦྱོང་བྱ་བ་དེ་ཚན་རིག་ཅན་དང་ལམ་ལུགས་ཅན། ཚད་ལྡན་ཅན་དུ་སྐུལ་འདེད་བཏང་ནས། རྒྱུན་འཁྱོངས་ལྷོད་མེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བློ་སྒྲིལ་སེམས་སྐྱེད་དང་རྨང་བརྟན་རྩ་བརྟན་ཡོང་བར་བྱས་ཏེ། ཆབ་སྲིད་ཀྱི་བྱང་ཚད་མཐོ་ཞིང་དུས་རབས་གསར་བའི་རེ་བ་དང་འཚམ་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་ནུས་པ་ལྡན་པའི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་གསོ་སྐྱོང་བྱེད་པར་དོན་སྙིང་གལ་ཆེན་ལྡན།
བརྡ་སྦྱོར་ལས་རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས་གཟབ་ནན་གྱིས་སྲོལ་ཡིག་སློབ་སྦྱོང་དྲིལ་སྒྲོག་དང་ལག་བསྟར་ནན་མོ་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་བརྗོད་དོན་གྱི་གཙོ་ཐིག་ཏུ་བཟུང་ནས། སྤུས་ཚད་མཐོན་པོས་ལས་བྱེད་པར་སློབ་གསོ་གཏོང་བ་དང་གསོ་སྦྱོང་བྱེད་པ་དང་། ཆུ་ཚད་མཐོན་པོས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གོང་དུ་སྤེལ་བར་ཞབས་འདེགས་ཞུས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་བསམ་བློ་ཆབ་སྲིད་ཀྱི་འགན་སྲུང་དང་ནུས་པའི་རྒྱབ་རྟེན་འདོན་སྤྲོད་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།