ལིས་ཆང་གིས་ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་ཨ་པིས་དང་གྲོས་མོལ་གནང་།
2023.10.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཟླ་བཅུ་པའི་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར། མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པ་དང་ཀྲུང་གོར་འཚམས་འདྲི་བྱེད་དུ་ཡོང་བའི་ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་ཨ་པིས་དང་གྲོས་མོལ་གནང་།

ལིས་ཆང་གིས་ཀྲུང་གོ་ཕྱོགས་ཀྱིས་ཨེ་ཙེ་ཨོ་ཕི་ཡའི་འཕེལ་རྒྱས་འདུ་ཤེས་དང་འཐབ་ཇུས་འཆར་འགོད་སྦྲེལ་མཐུད་ལ་ཤུགས་བསྣན་ནས། དཔལ་འབྱོར་ཚོང་དོན་སོགས་དངོས་སྒྲུབ་མཉམ་ལས་སྔར་ལས་རྒྱ་སྐྱེད་བཏང་སྟེ། རྒྱལ་ཁབ་གཉིས་ཀའི་ཁེ་ཕན་གྱི་འབྲེལ་ཐག་སྔར་ལས་ཇེ་དམ་དུ་གཏོང་འདོད་ཡོད། རྨང་གཞིའི་སྒྲིག་ཆས་དང་འཕྲིན་གཏོང་སྦྲེལ་མཐུད། བཟོ་ལས་གླིང་ཁུལ་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་། ཨེ་ཙེ་ཨོ་ཕི་ཡའི་བཟོ་ལས་ཅན་དང་ཞིང་ལས་དེང་རབས་ཅན་གྱི་འཕེལ་རིམ་ལ་རྒྱབ་སྐྱོར་ནུས་ལྡན་བྱས་ནས། ཨེ་ཙེ་ཨོ་ཕི་ཡའི་འཕེལ་རྒྱས་ཀྱི་ནང་གནས་གསོན་ཤུགས་ཇེ་ཆེར་གཏོང་རོགས་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཙེ་ཨོ་ཕི་ཡའི་སྤུས་ལེགས་ཐོན་རྫས་སྔར་ལས་གང་མང་ནང་འདྲེན་བྱས་ནས། ཀྲུང་གོའི་ཁེ་ལས་ཨེ་ཙེ་ཨོ་ཕི་ཡ་རུ་སོང་ནས་མ་དངུལ་གཏོང་བ་དང་ལས་སྐྲུན་བྱེད་རྒྱུ་དང་། ལྗང་མདོག་འཕེལ་རྒྱས་དང་གཞི་གྲངས་དཔལ་འབྱོར། མིས་བཟོས་རིག་ནུས་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་ལ་རྒྱབ་སྐྱོར་བྱེད་འདོད་ཡོད། ཕྱོགས་གཉིས་ཀས་མི་སྣའི་འགྲོ་འོང་དང་རིག་གནས་བརྗེ་རེས། ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀའི་མཛའ་བརྩེ་སྔར་ལས་ཇེ་དམ་ཡོང་བར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཙེ་ཨོ་ཕི་ཡའི་བར་གྱི་གསེར་གྱོམ་ལམ་སྲོལ་སོགས་ཕྱོགས་མང་སྒྲོམ་གཞིའི་ཁྲོད་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། ཕྱོགས་མང་རིང་ལུགས་ལག་བསྟར་བྱེད་པ། བཙན་དབང་བཙན་བདག་ལ་ངོ་རྒོལ་བྱེད་པ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཐུན་མོང་གི་ཁེ་ཕན་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་བཅས་བྱེད་འདོད་ཡོད་ཅེས་གསུངས།

ཨ་པིས་ཀྱིས་ཨེ་ཙེ་ཨོ་ཕི་ཡས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཁྲོད་འབད་པས་ཞུགས་ཏེ། ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་དཔྱད་གཞིར་བཟུང་ནས། རྒྱལ་ཁབ་གཉིས་ཀའི་བཟོ་ལས་དང་ཞིང་ལས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཨེ་ཙེ་ཨོ་ཕི་ཡར་མ་དངུལ་གཏོང་བ་དང་ལས་སྐྲུན་བྱེད་དུ་ཡོང་བར་དགའ་བསུ་ཞུ་རྒྱུ་ཡིན་ལ། ཨེ་ཙེ་ཨོ་ཕི་ཡས་ཀྲུང་གོ་ཕྱོགས་ཀྱི་ཁེ་ལས་དང་མི་སྣའི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་རྒྱུ་ཡིན། ཨེ་ཙེ་ཨོ་ཕི་ཡའི་གསེར་གྱོམ་ལམ་སྲོལ་དང་། དེ་བཞིན་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་སྒྲོམ་གཞིའི་ཁྲོད། ཀྲུང་གོ་ཕྱོགས་དང་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱ་རྒྱུར་ཤུགས་བསྣན་ནས། འཛམ་གླིང་ལྷོ་རྒྱུད་རྒྱལ་ཁབ་བར་གྱི་མཉམ་ལས་ལ་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

གྲོས་མོལ་གྱི་རྗེས་སུ། རྒྱལ་ཁབ་གཉིས་ཀའི་ཙུང་ལི་ཡིས་མཉམ་དུ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། འཛམ་གླིང་ཧྲིལ་པོ་འཕེལ་རྒྱས་ཀྱི་གྲོས་འགོ། ཞིང་ལས་དང་རིག་གནས། འཕྲོད་བསྟེན། གཞི་གྲངས་དཔལ་འབྱོར། ལྗང་མདོག་འཕེལ་རྒྱས། གྲོང་ཁྱེར་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་ཕྱོགས་གཉིས་ཀའི་མཉམ་ལས་ཡིག་ཆ་མང་བོ་བཀོད་པར་བདེན་དཔང་གནང་།

གྲོས་མོལ་མ་བྱས་པའི་སྔོན་ལ། ལིས་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ། ཨ་པིས་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།

ཝུའུ་ཀྲིན་ལུང་གོང་གསལ་གྱི་བྱེད་སྒོར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།