ལིས་ཆང་གིས་ཧང་ག་རིའི་ཙུང་ལི་ཨོར་པན་དང་གྲོས་མོལ་གནང་།
2023.10.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ་བཅུ་པའི་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པ་དང་འཚམས་འདྲི་བྱེད་པར་ཡོང་བའི་ཧང་ག་རིའི་ཙུང་ལི་ཨོར་པན་དང་གྲོས་མོལ་གནང་།

ལིས་ཆང་གིས་ཀྲུང་གོ་ཕྱོགས་ཀྱིས་ཧང་ག་རི་ཕྱོགས་དང་མཉམ་དུ། ཆབ་སྲིད་ཀྱི་ངོས་ནས་ཕན་ཚུན་ཡིད་ཆེས་བྱེད་པའི་རྨང་གཞི་སྔར་ལས་བརྟན་དུ་བཏང་ནས། མུ་མཐུད་དུ་ཕན་ཚུན་གྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དེ་ཧང་ག་རིའི“ཤར་ཕྱོགས་སྒོ་འབྱེད”འཐབ་ཇུས་དང་སྔར་ལས་འབྲེལ་མཐུད་དམ་ཟབ་ཡོང་བར་སྐུལ་འདེད་བཏང་སྟེ། ཚོང་དོན་དང་དངུལ་གཏོང་། དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད། ཧང་ག་རི་དང་སེར་ཝེ་ཡའི་ལྕགས་ལམ་ལས་གཞིར་སྐུལ་འདེད་གཏོང་རྒྱུ་དམ་འཛིན་བྱས་ནས། ནུས་ཁུངས་གསར་བ་དང་གཞི་གྲངས་དཔལ་འབྱོར། མིས་བཟོས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་གསར་གཏོད་མཉམ་ལས་རྒྱ་ཆེར་བཏང་སྟེ། རྒྱལ་ཁབ་གཉིས་ཀའི་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་ཡོང་བར་སྔར་ལས་ལེགས་པའི་སྒོ་ནས་རམ་འདེགས་བྱེད་དགོས།  ཕྱོགས་གཉིས་ཀས་སློབ་གསོ་དང་ཡུལ་སྐོར། ལུས་རྩལ་སོགས་མི་ཆོས་རིག་གནས་བརྗེ་རེས་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བའི་དམངས་བློའི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧང་ག་རི་ཕྱོགས་དང་མཉམ་དུ། ཕྱོགས་མང་ཁྱབ་ཁོངས་ཀྱི་མཐུན་སྦྱོར་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀའི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱས་ཏེ། འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་བྱ་གཞག་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་འཕེལ་རྒྱས་དེ་ཡོ་རོབ་གླིང་གི་ངོས་ནས་བཤད་ན་གོ་སྐབས་ཡིན་པ་ལས་འགྲན་སློང་ཞིག་མིན་པ་དང་། སྒུལ་ཤུགས་ཤིག་ཡིན་པ་ལས་ཉེན་ཁ་ཞིག་དེ་བས་ཀྱང་མིན། ཧང་ག་རི་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་ལྟོས་ཡོད་ཅེས་གསུངས།

ཨོར་པན་གྱིས་ཧང་ག་རི་དང་ཀྲུང་གོའི་འབྲེལ་བར་རྨང་གཞི་བརྟན་པོ་ཡོད། ཧང་ག་རི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ཐོག་མཐའ་བར་གསུམ་དུ་བརྩི་སྲུང་ནན་མོ་བྱས་ནས། ཀྲུང་གོའི་བར་གྱི་མཛའ་མཐུན་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་ནས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཁྲོད་འབད་པས་ཞུགས་ཏེ། ཕན་ཚུན་སྦྲེལ་མཐུད་དང་སྒོ་འབྱེད་མཉམ་ལས་ལ་རྒྱབ་སྐྱོར་བྱེད་རྒྱུ་དང་། འབྲེལ་ཐག་གཅོད་པ་དང་བཀག་སྡོམ་བྱེད་པའི་སྦྱོར་བ་མཐའ་དག་ལ་ངོ་རྒོལ་བྱ་རྒྱུ་ཡིན།  ཧང་ག་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། སང་ལོའི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་དོན་ལྔ་འཁོར་བ་གོ་སྐབས་སུ་བརྩིས་ནས། ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། ཧང་ག་རི་དང་ཀྲུང་གོའི་བར་གྱི་འབྲེལ་བ་དང་། ཡོ་རོབ་དབུས་ཤར་རྒྱལ་ཁབ་དང་དེ་བཞིན་ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་ཀྱིས་ཀྲུང་གོའི་བར་གྱི་མཉམ་ལས་དང་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཐད་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

གྲོས་མོལ་གྲོལ་རྗེས་རྒྱལ་ཁབ་གཉིས་ཀའི་ཙུང་ལི་ཡིས་མཉམ་དུ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། ཐོན་ལས་དང་དངུལ་གཏོང་། བཟོ་ལས་དང་ཆ་འཕྲིན་ཅན། སློབ་གསོ། འགག་སྒོ། མཁོ་སྤྲོད་ཕྲེང་འབྲེལ། འཕེལ་རྒྱས་སྲིད་ཇུས། གཞི་གྲངས་དཔལ་འབྱོར། ལྗང་མདོག་འཕེལ་རྒྱས་སོགས་ཕྱོགས་གཉིས་ཀའི་མཉམ་ལས་ཡིག་ཆ་མང་བོ་བཀོད་པར་བདེན་དཔང་གནང་།

གྲོས་མོལ་མ་བྱས་པའི་སྔོན་ལ། ལིས་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ། ཨོར་པན་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།

ཝུའུ་ཀྲིན་ལུང་གོང་གསལ་གྱི་བྱེད་སྒོར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།