ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གིས་ཉིས་སྟོང་ཉེར་གསུམ་ལོ་ནས་ཉིས་སྟོང་ཉེར་བདུན་ལོའི་བར་གྱི་རྒྱལ་ཡོངས་ཀྱི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་འཆར་གཞི་དཔར་འགྲེམ་བྱས་པར་མ་ཟད། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་དོན་དངོས་དང་སྦྲེལ་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས་པའི་བརྡ་སྦྱོར་བཏང་།
བརྡ་སྦྱོར་ལས་བསྟན་དོན། འཆར་གཞི་གཏན་འབེབས་དང་ལག་བསྟར་བྱེད་པ་ནི་ཏང་ཀྲུང་དབྱང་གིས་དུས་རབས་གསར་བའི་སྐྱོད་ལམ་གསར་བའི་ཏང་གི་ལས་འགན་ལ་དམིགས་ནས་བཏོན་པའི་བཀོད་སྒྲིག་གལ་ཆེན་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བརྗོད་དོན་གྱི་གཙོ་ཐིག་ཏུ་བྱས་ཏེ། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་བློ་སྒྲིལ་སེམས་སྐྱེད་དང་རྩ་བརྟན་རྨང་བརྟན་ཡོང་བར་རྒྱུན་འཁྱོངས་ལྷོད་མེད་བྱ་དགོས། ཆབ་སྲིད་ཀྱི་སྦྱོང་བརྡར་ནི་ལས་བྱེད་པ་འཚར་ལོངས་ཀྱི་དུས་འཁོར་ཧྲིལ་བོར་ཁྱབ་པར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། ལས་བྱེད་པའི་དབང་ཆའི་ལྟ་བ་དང་སྲིད་འབྲས་ལྟ་བ། ལས་རིགས་ལྟ་བ་བཅས་ཡང་དག་པ་འཛུགས་པར་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱས་ཏེ། ལས་བྱེད་པའི་ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་བཅས་མཐོར་འདེགས་སུ་གཏོང་དགོས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱས་ཏེ། རིམ་པ་དགར་བ་དང་ཁྱབ་ཁོངས་དགར་བ། ཆེད་དོན་དགར་བ་བཅས་ཀྱི་སྒོ་ནས་བྱ་བའི་འགན་ནུས་གསོ་སྦྱོང་བྱེད་ཤུགས་ཇེ་ཆེར་གཏོང་དགོས། ལས་བྱེད་པས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྩལ་ནུས་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་རྩལ་ནུས། ཉེན་འགོག་ཉེན་སེལ་གྱི་རྩལ་ནུས་བཅས་མཐོར་འདེགས་སུ་གཏོང་དགོས། ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་མ་ལག་ཆ་ཚང་འཛུགས་སྐྲུན་བྱས་ནས། ཏང་གི་སློབ་གྲྭས་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་གཡུལ་ས་གཙོ་བོའི་ནུས་པ་ཐོན་དགོས་ལ། གསོ་སྦྱོང་གི་ཐབས་དང་རྣམ་པ་ཡང་སྔར་ལས་ལེགས་སྒྱུར་བྱེད་དགོས། གཞུང་ལུགས་དོན་དངོས་དང་སྦྲེལ་བའི་མར་ཁེ་སི་རིང་ལུགས་ཀྱི་ཁྱད་ཆོས་དར་སྤེལ་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་གཏན་འགོག་བྱེད་དགོས་ལ། ཚད་ལྡན་གྱི་སློབ་སྒྲུབ་ཕྱོགས་ལ་འབད་པ་བྱས་ནས། སློབ་སྦྱོང་གི་མཁའ་དབུགས་དང་བབ་ཆགས་ཀྱི་ཁོར་ཡུག སྤྱོད་གཙང་གི་གཤིས་ལུགས་ཆགས་པར་ཧུར་བརྩོན་བྱ་དགོས།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།