ལིས་ཆང་གིས་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་བའི་ཙུང་ལི་མཱ་ལ་ཕེ་དང་གྲོས་མོལ་གནང་།
2023.10.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ་བཅུ་པའི་ཚེས་བཅུ་དྲུག་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པ་དང་འཚམས་འདྲིར་ཡོང་བའི་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་བའི་ཙུང་ལི་མཱ་ལ་ཕེ་དང་གྲོས་མོལ་གནང་།

ལིས་ཆང་གིས་ཀྲུང་གོ་ཕྱོགས་ཀྱིས་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་བ་དང་མཉམ་དུ། ཆབ་སྲིད་ཀྱི་ངོས་ནས་ཕན་ཚུན་ཡིད་ཆེས་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱེད་འདོད་ཡོད། འཕེལ་རྒྱས་ཀྱི་འཐབ་ཇུས་སྔར་ལས་གནད་འཁེལ་འབྲེལ་མཐུད་ནུས་ལྡན་ཡོང་བར་བྱས་ཏེ། རྨང་གཞིའི་སྒྲིག་ཆས་དང་དཔལ་འབྱོར་དམིགས་བསལ་ཁུལ་འཛུགས་སྐྲུན། ཞིང་ལས་དང་ནགས་ལས། ཉ་ལས་བཅས་ཀྱི་ལས་སྣོན་ལས་རིགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དེ། “རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་པའི་སྒྲོམ་གཞིའི་ཁྲོད་དུ། དངོས་སྒྲུབ་ཀྱི་གྲུབ་འབྲས་སྔར་ལས་གང་མང་ཐོབ་པར་བྱས་ཏེ། ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་བར་གྱི“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་ལ་སྣེ་ཁྲིད་དང་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་བ་དང་མཉམ་དུ་རེས་སྐོར་གསར་བའི་དཔལ་འབྱོར་ཚོང་དོན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། ཕྱོགས་གཉིས་ཀའི་རང་མོས་ཚོང་དོན་གྲོས་ཆོད་ཀྱི་མཉམ་འབྲེལ་ལག་བསྟར་བྱེད་པར་མྱུར་དུ་ཞིབ་འཇུག་བྱས་ཏེ། སློབ་གསོ་དང་ཡུལ་སྐོར། ས་གནས། མི་ཆོས་རིག་གནས་སོགས་ཀྱི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད། ཕྱོགས་གཉིས་ཀས་མཉམ་འབྲེལ་རྒྱལ་ཚོགས་དང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་ལམ་སྲོལ་ཁྲོད་ཀྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་པ་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་འཛམ་གླིང་ལྷོ་རྒྱུད་རྒྱལ་ཁབ་བར་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་གླིང་ཕྲན་རྒྱལ་ཁབ་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ས་ཁུལ་དང་དེ་བཞིན་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་། དར་རྒྱས་བཅས་ལ་མཉམ་དུ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་གསུངས།

མཱ་ལ་ཕེ་ཡིས་ཕ་ཕུ་ཡ་ཀུའེ་ནེ་ཡ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ནན་མོ་བྱས་ནས། ཀྲུང་གོ་ཕྱོགས་ཀྱིས་རང་ངོས་ཀྱི་ཁེ་ཕན་གཙོ་བོར་སྲུང་སྐྱོབ་བྱ་རྒྱུར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱས་ནས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཁྲོད་འབད་པས་ཞུགས་ཏེ། རྒྱལ་ཁབ་གཉིས་ཀའི་ཚོང་དོན་དང་དངུལ་གཏོང་། ཞིང་ལས། མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

གྲོས་མོལ་གྱི་རྗེས་སུ། རྒྱལ་ཁབ་གཉིས་ཀའི་ཙུང་ལི་ཡིས་མཉམ་དུ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། འཛམ་གླིང་ཧྲིལ་པོ་འཕེལ་རྒྱས་ཀྱི་གྲོས་འགོ། དཔལ་འབྱོར་དང་ནུས་ཁུངས། སློབ་གསོ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ། རྒྱུན་མཐུད་འཕེལ་རྒྱས་སོགས་ཕྱོགས་གཉིས་ཀས་མཉམ་ལས་ཡིག་ཆ་མང་བོ་བཀོད་པར་བདེན་དཔང་གནང་།

གྲོས་མོལ་མ་བྱས་པའི་སྔོན་ལ། ལིས་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ། མཱ་ལ་ཕེ་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།

ཝུའུ་ཀྲིན་ལུང་གོང་གསལ་གྱི་བྱེད་སྒོར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།