ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་ཚེས16ཉིན་པེ་ཅིང་དུ་ཐུའུ་ཁུའུ་མན་སི་ཐན་གྱི་ཙུང་ཐུང་གི་བློ་འདོན་པ་པེ་ཀེ་ལི་ཡེ་ཧྥུའུ་དང་། ཙུང་ལི་གཞོན་པ་ཀིའར་ཅི་མེ་ལ་ཏུའོ་ཧྥུའུ། རྒྱལ་སྲིད་པུའུ་ཀྲང་པཱ་པ་ཡེ་ཧྥུའུ་སོགས་མཐོ་རིམ་འཐུས་མིར་མཇལ་འཕྲད་གནང་།
ཏེན་ཞུའེ་ཞང་གིས་བསྟན་དོན། ཀྲུང་གོ་དང་ཐུའུ་ཁུའུ་མན་སི་ཐན་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་གཉིས་ཕན་མཉམ་ལས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་ཁྱབ་ཁོངས་སོ་སོའི་མཛའ་མཐུན་མཉམ་ལས་ལ་སྐུལ་འདེད་བཏང་ཡོད། ད་ལོའི་ལོ་འགོར། ཀྲུའུ་ཞི་ཞི་ཅིན་ཕིང་དང་པེའར་ཏི་མུའུ་ཧ་མེ་ཏུའོ་ཧྥུའུ་གཉིས་ཀྱིས་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བར་རིམ་སྤོར་བྱ་རྒྱུ་ཁྱབ་བསྒྲགས་མཛད་པས་ཀྲུང་ཐུའུ་གཉིས་ཀྱི་འབྲེལ་བས་འཕེལ་རྒྱས་ཀྱི་ལེའུ་གསར་པ་བརྩམས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐུའུ་ཁུའུ་མན་སི་ཐན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་ཀྱི་ཐུན་མོང་ངོས་འཛིན་གལ་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ནུས་ཁུངས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
ཐུའུ་ཁུའུ་མན་སི་ཐན་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པའི་ཐུགས་ཁུར་དང་སྐུལ་འདེད་འོག་ཏུ། ཐུའུ་ཁུའུ་མན་སི་ཐན་དང་ཀྲུང་གོའི་རང་བྱུང་སོལ་རླངས་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། ཐུའུ་ཁུའུ་མན་སི་ཐན་ཕྱོགས་ཀྱིས་ཕྱོགས་གཉིས་ཀྱི་ནུས་ཁུངས་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།
ཤ་བོ་གསེར་མཚོས་བསྒྱུར།
ཛ