ཚའེ་ཆི་ཡིས་ཁམ་ཕུ་ཁྲེ་ཡི་དབུ་བཞུགས་བློན་ཆེན་ལ་མཇལ་འཕྲད་གནང་།
2023.10.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཡིས་ཚེས17ཉིན་པེ་ཅིང་དུ། ཁམ་ཕུ་ཁྲེ་ཡི་དབུ་བཞུགས་བློན་ཆེན་ཧུང་མ་ནེ་ལ་མཇལ་འཕྲད་གནང་།

ཟླ10པའི་ཚེས17ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཡིས་ཚེས་བཅུ་བདུན་ཉིན་པེ་ཅིང་དུ། ཁམ་ཕུ་ཁྲེ་ཡི་དབུ་བཞུགས་བློན་ཆེན་ཧུང་མ་ནེ་ལ་མཇལ་འཕྲད་གནང་།

ཚའེ་ཆི་ཡིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་ཁམ་ཕུ་ཁྲེ་བར་འབྲེལ་བ་བཙུགས་ནས་ལོ་རེ་ལྔ་འགོར་བའི་ལོ་དང་རྒྱལ་ཁབ་གཉིས་ཀྱི་མཛའ་འབྲེལ་ལོ་ཡིན། ཟླ་སྔོན་མར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུ་བཞུགས་བློན་ཆེན་དང་ཞལ་མཇལ་གནང་ནས། མི་རབས་བར་གྱི་མཛའ་འབྲེལ་རྒྱུན་འཛིན་དང་། གཉིས་ཕན་མཉམ་ལས་ཇེ་ཟབ་ཏུ་གཏོང་བའི་ཐུན་མོང་འདུ་ཤེས་གལ་ཆེན་བྱུང་ཡོད་པས། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་སྣེ་ཁྲིད་འོག  རྒྱལ་ཁབ་གཉིས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་བསྐྲུན་པར་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་བ་གང་ལེགས་ཐོབ་པར་ཡིད་ཆེས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་རྒྱལ་ཁབ་རང་གི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པར་རྒྱབ་སྐྱོར་བརྟན་པོ་བྱེད་རྒྱུ་མ་ཟད། ཁམ་ཕུ་ཁྲེ་དང་མཉམ་དུ། རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་དང་ཁམ་ཕུ་ཁྲེ་ཡི་ཟུར་ལྔའི་འཐབ་ཇུས་སྦྲེལ་མཐུད་བྱེད་པར་སྐུལ་འདེད་གཏོང་བ་དང་། ཕྱོགས་དྲུག་གི་མཉམ་ལས་སྒྲོམ་གཞི་འཐུས་ཚང་དུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་སྤུས་ཚད་མཐོ་ཞིང་རྒྱུན་མཐུད་ཡིན་པའི་འཕེལ་རྒྱས་མངོན་འགྱུར་ཡོང་བར་བྱེད་པ་དང་། ལག་གདང་མཉམ་སྦྲེལ་གྱིས་དེང་རབས་ཅན་ཕྱོགས་སུ་བསྐྱོད་རྒྱུ་ཡིན་ཟེར།

ཧུང་མ་ནེ་ཡིས་བསྟན་དོན། ཁམ་ཕུ་ཁྲེ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་མཛའ་བརྩེ་དམ་སྲུང་བྱས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་ཧྲིལ་བོའི་གྲོས་འགོ་ཆེན་པོ་གསུམ་དང་། རྒྱུད་གཅིག་ལམ་གཅིག་གི་གྲོས་འགོར་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་ངེས་ཡིན། ཁམ་ཕུ་ཁྲེ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྟན་སྲུང་བྱས་ནས། ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བཟང་བོར་བསྐྲུན་འདོད་ཡོད་ཟེར།

རིག་འཛིན་སྒྲོལ་མས་བསྒྱུར།