
ཟླ10པའི་ཚེས16ཉིན་ནས་ཚེས17ཉིན་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མཚོ་བྱང་ཁུལ་གྱི་མདོ་ལ་རྫོང་དང་མིན་ཡོན་རྫོང་དུ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་ཏུ་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཕྱོགས་ཡོངས་ནས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་རེ་བ་དངོས་འབེབས་བྱས་ཏེ། གསར་གཏོད་རྒྱ་སྐྱེད་དང་བྱ་བ་ནན་སྒྲུབ་བྱས་ནས། སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་བརྟན་པོར་འཛུགས་པ་དང་། རྒྱུན་ཆད་མེད་པར་ཁྱད་ལྡན་ཐོན་ཁུངས་དེ་འཕེལ་རྒྱས་ཁྱད་སྟོབས་སུ་བསྒྱུར་ནས། སྐྱེ་ཁམས་བཟང་བོ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མཉམ་འདྲེས་མཉམ་སྐུལ་བྱེད་པར་སྐུལ་འདེད་གཏོང་དགོས།
ཝུའུ་ཞའོ་ཅུན་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་ལྟེ་གནས་དང་། སྔ་གཞུག་ཏུ་གངས་དཀར་ཞོ་བླུགས། བྱེ་ལུང་ཐང་དོ་དམ་སྲུང་སྐྱོབ་ས་ཚིགས། སྐྱེ་ཁམས་ཚན་རྩལ་ཁྱབ་གདལ་ཁང་བཅས་སུ་སོང་སྟེ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་གལ་ཆེན་ཡིད་ལ་དམ་པོར་བཟུང་ཞིང་། རི་ཆུ་ནགས་གསུམ་དང་མཚོ་ཞིང་རྩྭ་གསུམ། བྱེ་མ་དང་འཁྱག་རོམ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་དོ་དམ་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཚན་རྩལ་ནུས་སྩོལ་དང་འཁྱག་རོམ་སྲུང་སྐྱོབ་ལ་ཤུགས་སྣོན། མགོ་ཁུངས་ཀྱི་བཅོས་སྐྱོང་སོགས་ཀྱི་བྱ་བར་སྐུལ་འདེད་བཏང་སྟེ། རྒྱུན་ཆད་མེད་པར་དོ་དམ་སྲུང་སྐྱོབ་ཀྱི་ནུས་པ་མཐོར་འདེགས་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་ཧྭའི་ཆུ་མཛོད་ཀྱི་སྲུང་སྐྱོབ་མཁན་བྱེད་དགོས། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཡང་དག་པའི་སྒོ་ནས་ཐོན་སྐྱེ་འཚོ་བ་དང་སྐྱེ་ཁམས་ཁོར་ཡུག་གི་འབྲེལ་བ་ཐག་གཅོད་བྱས་ནས། ཚན་ཞིབ་མཉམ་ལས་ལ་ཤུགས་སྣོན་པ་དང་། ཚན་རིག་ཁྱབ་གདལ་སློབ་གསོར་སྐུལ་འདེད་གཏོང་བ། ཤུགས་ཆེན་པོས་སྲོག་ཆགས་དང་རྩི་ཤིང་། རི་ཆུ་སོགས་ལ་སྲུང་སྐྱོབ་གང་ལེགས་བྱེད་པ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པར་སྐུལ་འདེད་བཏང་སྟེ། མདོ་ལ་རི་བོའི་རི་སྔོ་ཆུ་དྭངས་རྟག་བརྟན་དུ་གནས་པ་དང་དུས་གཏན་དུ་རིགས་སོ་སོའི་མང་ཚོགས་ལ་བདེ་སྐྱིད་བསྐྲུན་དགོས་ཟེར།
མིན་ཡོན་རྫོང་སེམས་ཉིད་ནགས་རའི་དགོན་ལུང་མཛེས་ལྗོངས་ཁུལ་དང་གྲུ་གུ་ཡུལ་ཚོའི་ཏུང་ཞུའུ་སྡེ་བ། མདོ་ལ་རྫོང་ཨ་རིག་ཡུལ་ཚོའི་སྲིན་པོ་གླ་གསོ་ཚད་ཡོད་ཀུང་ཟི་བཅས་ནས། ཝུའུ་ཞའོ་ཅུན་གྱིས་ཡུལ་དངོས་ནས་སྐྱེ་ཁམས་གནས་སྐོར་དང་། གྲོང་གསེབ་དར་སྤེལ། ནགས་ནང་གི་དཔལ་འབྱོར་འཕེལ་རྒྱས། ནགས་རྩྭའི་འགན་དཔོན་ལམ་ལུགས་དངོས་འབེབས་བྱེད་པ་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། ཁྱད་ལྡན་གནས་སྐོར་ཐོན་ཁུངས་ལ་རྐང་བཙུགས་ནས། འཆར་འགོད་སྣེ་ཁྲིད་རྒྱུན་འཁྱོངས་དང་ཁྱད་སྟོབས་ཐོན་ཁུངས་ལེགས་སྒྲིག་བྱེད་པ། མཉམ་འདྲེས་འཕེལ་རྒྱས་འབུར་ཐོན་དུ་བྱེད་པ། གནས་སྐོར་ཚོང་ར་རྒྱ་བསྐྱེད་པ། ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། ལྟ་རྟོག་དོ་དམ་ནུས་པ་མཐོར་འདེགས་བྱེད་པ། འཕར་བསྒྱུར་བྱ་བ་བཟང་བོར་བསྒྲུབས་པ། སྔར་ལས་ལྷག་པའི་སྒོ་ནས་གནས་སྐོར་བའི་སྣ་མང་ཅན་དང་རིམ་པ་མང་བའི་དགོས་མཁོ་བསྐང་སྟེ། ཤུགས་ཆེན་པོས་སྐྱེ་ཁམས་གནས་སྐོར་གྱི་སྐྱེ་ཁམས་རིན་ཐང་དང་དཔལ་འབྱོར་རིན་ཐང་། སྤྱི་ཚོགས་རིན་ཐང་བཅས་མཐོར་འདེགས་བྱས་ནས། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་གྱི་དམིགས་སའི་ཡུལ་འཛུགས་སྐྲུན་བྱེད་པར་མྱུར་མོར་སྐུལ་འདེད་གཏོང་དགོས། ཁྱད་ལྡན་ཐོན་ལས་གསོ་སྤེལ་བྱེད་པར་ཤུགས་སྣོན་དང་། སྟོབས་ལྡན་ཁེ་ལས་ནང་འགུག་བྱེད་པར་དོ་སྣང་བྱེད་པ། མཉམ་ལས་ཁང་གི་སྣེ་ཁྲིད་དང་གསར་གཏོད་ནུས་པ་འདོན་སྤེལ་བྱེད་པ། ཞིང་ལས་མཉམ་འབྲེལ་སྐུལ་ཁྲིད་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་བྱས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་དགོས། ནན་ཏན་གྱིས་རིམ་པ་སོ་སོའི་ནགས་རྩྭའི་འགན་དཔོན་ལམ་ལུགས་དངོས་འབེབས་བྱས་ཏེ། སྐོར་ཞིབ་དང་ལྟ་རྟོག་དོ་དམ་ཀུན་ལ་ཁྱབ་པ་མངོན་འགྱུར་བྱེད་པ་དང་། ནགས་ཚལ་མེ་འགོག་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབས་ནས། ལྷད་མེད་འཕེལ་རྒྱས་ཀྱི་སྐྱེ་ཁམས་རང་མདངས་མ་ཉམས་པར་བྱེད་དགོས།
དམར་དམག་ནུབ་ལམ་བཅིངས་འགྲོལ་དམག་འབུམ་དམག་གཉིས་པའི་རྗེས་དྲན་ར་བ་ནས་ཝུའུ་ཞའོ་ཅུན་གྱིས་ལྟ་ཞོར་དུ་འགྲེལ་བརྗོད་ལ་ཉན་ནས། བརྩེ་བ་ཟབ་མོས་ནུབ་ལམ་དམག་གིས་མདོ་ལ་ནས་དཀའ་སྤྱད་འཐབ་འཁྲུག་བྱས་པའི་ཡིད་སྐྱོ་བའི་ལོ་རྒྱུས་ལ་ཕྱིར་དྲན་བྱས་པ་དང་། སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་དང་ཟུང་འབྲེལ་སྒོས་དམར་དམག་གཡུལ་སའི་ནུས་པ་འདོན་སྤེལ་བྱེད་པ་དང་། ཏང་གི་གཏམ་རྒྱུད་དང་དམར་དམག་གི་གཏམ་རྒྱུད། ནུབ་ལམ་དམག་གི་གཏམ་རྒྱུད་བཅས་བཟང་བོར་བརྗོད་དེ། དམར་དམག་གི་རྒྱུད་རྒྱུ་དང་དམར་དམག་གི་ཁྲག་རྒྱུན་རྒྱུན་འཛིན་བྱས་ཏེ། རྒྱང་སྐྱོད་ཀྱི་སྙིང་སྟོབས་དང་ནུབ་ལམ་དམག་གི་སྙིང་སྟོབས་བཀོལ་ནས་ཏང་ཡོན་དང་ལས་བྱེད་པར་སྐུལ་མ་གཏོང་བ་དང་། སློབ་གསོས་ཏང་ཡོན་དང་ལས་བྱེད་པར་ཕུགས་བསམ་འདུ་ཤེས་བརྟན་པོ་ཆགས་པ་དང་། ཐོག་མའི་སེམས་འདུན་མི་བརྗེད་པ། འབད་འཐབ་ཡར་བརྩོན་བྱེད་པ། ཁག་ཁུར་སྤོབས་པ་བཅས་ལ་ཁྲིད་སྟོན་བྱས་ཏེ། ཧུར་ཐག་སྒོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་ལག་ལེན་ལ་སྐུལ་འདེད་གཏོང་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།