ཀྲའོ་ལི་ཅི་ཡིས་སོ་སོར་ཡའོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཧྭ་སག་སི་ཐན་གྱི་ཙུང་ཐུང། ཐེ་གོའི་ཙུང་ལི་བཅས་ལ་མཇལ་འཕྲད་གནང་།
2023.10.18 ཁུངས། ཀློག་གྲངས། 73

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས17ཉིན་པེ་ཅིང་དུ་སོ་སོར་ཡའོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཝུའུ་ཝུན་ཧྲང་དང་ཧྭ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁ་ཡའེ་ཧྥུའུ། ཐེ་གོའི་ཙུང་ལི་སའེ་ཐཱ་བཅས་ལ་མཇལ་འཕྲད་གནང་། 

ཝུན་ཝུན་ཧྲང་ལ་མཇལ་འཕྲད་གནང་སྐབས་ཀྲའོ་ལི་ཅི་ཡིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་ཡའོ་ནན་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་ངོ་བཅོ་ལྔ་འགོར་བའི་ལོ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་གཉིས་ཀྱི་འཐབ་ཇུས་སྣེ་ཁྲིད་འོག་ཏུ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གོང་འཕེལ་ཆེན་པོ་བྱུང་ནས། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་ཡའོ་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱས་ཡོད། ཕྱོགས་གཉིས་ཀྱིས་རྒྱུད་གཅིག་ལམ་གཅིག་དང་བར་ཁྱམས་གཉིས་དང་སྐོར་བ་གཅིག་གི་གཙོ་ཐིག་དང་དམ་དུ་སྦྲེལ་ནས། ཁྱབ་ཁོངས་གཙོ་བོའི་མཉམ་ལས་ལ་སྔར་ལས་བཟང་བའི་གྲུབ་འབྲས་ལེན་དགོས། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱིས་ཡའོ་ནན་རྒྱལ་ཁབ་དང་མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་དང་ཕྱོགས་གཉིས་ཀྱི་མཉམ་ལས་གྲོས་ཆོད་ལག་བསྟར་དངོས་འབེབས་བྱེད་པ་དང་། ཁྲིམས་འཛིན་ལས་ཁུངས་ཀྱི་རིམ་པ་སོ་སོའི་བར་གྱི་བརྗེ་རེས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་འབྲེལ་བ་གཏིང་ཟབ་སྒོས་འཕེལ་རྒྱས་སུ་གཏོང་འདོད་ཡོད། 

ཝུན་ཝུན་ཧྲང་གིས་བསྟན་དོན།  ཡའོ་ནན་ཕྱོགས་ཀྱིས་མུ་མཐུད་དུ་ཧུར་ཐག་སྒོས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པར་ཟབ་ཞུགས་བྱས་ཏེ། ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་ཕན་ཚུན་ཡིད་ཆེས་སྲ་བརྟན་དུ་གཏོང་བ་དང་། ཡའོ་ནན་དང་ཀྲུང་གོའི་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར། 

ཐའོ་ཁ་ཡེ་ཧྥུའུ་ལ་མཇལ་འཕྲད་གནང་སྐབས་ཀྲའོ་ལི་ཅི་ཡིས་བསྟན་དོན། ད་ལོ་ནི་ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་བཏོན་ནས་ལོ་བཅུ་འགོར་བའི་ལོ་རེད། ལོ་ངོ་བཅུའི་རིང་ལ། ཀྲུང་གོ་དང་ཧྭ་སག་སི་ཐན་གཉིས་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ཐད་ཐོག་མའི་ཚོད་ལྟ་དང་ལག་ལེན་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མདུན་གྲས་སུ་སླེབས་ནས། དོན་དངོས་ཀྱི་གྲུབ་འབྲས་རབ་དང་རིམ་པ་བླངས་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་བསྐྲུན་ཡོད། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱིས་ཧྭ་སག་སི་ཐན་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་ལག་བསྟར་བྱེད་པ་དང་། ཁྲིམས་འཛུགས་ལས་ཁུངས་ཀྱི་དགེ་མཚན་དང་བྱེད་ནུས་འདོན་སྤེལ་བྱས་ཏེ། རིམ་པ་སོ་སོ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱིས་དུས་རྣམ་ཀུན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་འཇོག་འདོད་ཡོད། 

ཐའོ་ཁ་ཡེ་ཧྥུའུ་ཡིས་བསྟན་དོན། རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་བཏོན་ནས་ལོ་བཅུ་འགོར་བའི་རིང་ལ་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་ཆེན་པོ་བླངས་ཡོད། ཧྭ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེའི་འབྲེལ་བ་མཐོ་ཚད་གསར་བ་ཞིག་ཏུ་སླེབས་པར་བྱ་འདོད་ཡོད། 

སའེ་ཐཱ་ལ་མཇལ་འཕྲད་གནང་སྐབས་ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་གོ་དང་ཐེ་གོ་ནི་རི་ཆུ་འདབས་འབྲེལ་གྱི་ཁྱིམ་མཚེས་རྒྱལ་ཁབ་བཟང་བོ་ཡིན་ལ། ལས་དབང་མཉམ་མྱོང་གི་གྲོགས་པོ་བཟང་བོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཐེ་གོ་དང་མཉམ་དུ་ཕན་ཚུན་བར་གྱི་ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་བཏང་ནས། མུ་མཐུད་དུ་ཕན་ཚུན་ལ་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོ་དང་ཐེ་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་ནས། རྒྱལ་ཁབ་གཉིས་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་བྱེད་འདོད་ཡོད། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱིས་ཐེ་གོ་རྒྱལ་ཚོགས་དང་མཉམ་དུ་བརྒྱུད་ལམ་མང་བོ་དང་ཁྱབ་ཁོངས་མང་བོའི་འགྲོ་འོང་སྲུང་འཛིན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་མཉམ་ལས་བྱེད་པར་ཁྲིམས་ལུགས་ཀྱི་འགན་སྲུང་འདོད་སྤྲོད་བྱ་འདོད་ཡོད།

  སའེ་ཐཱ་ཡིས་བསྟན་དོན། ཐེ་གོ་སྲིད་གཞུང་གིས་ཀྲུང་གོ་དང་ཐེ་གོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཀྲུང་གོའི་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་བླངས་པར་ཡི་རངས་བྱེད་བཞིན་ཡོད། ང་ཚོས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་གི་མཉམ་ལས་གཏིང་ཟབ་དུ་བཏང་ནས། མི་སྣའི་འགྲོ་འོང་དང་མི་ཆོས་བརྗེ་རེས་སྔར་ལས་དམ་ཟབ་ཏུ་བཏང་སྟེ། མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད། 

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།