ཞི་ཅིན་ཕིང་གིས་ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་ཨ་པིས་དང་མཇལ་འཕྲད་གནང་།
2023.10.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཟླ10པའི་ཚེས17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པ་དང་དངོས་གཞིའི་འཚམས་འདྲི་བྱེད་པར་ཡོང་བའི་ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་ཨ་པིས་ལ་མཇལ་འཕྲད་གནང་། 

ཟླ10པའི་ཚེས17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པ་དང་དངོས་གཞིའི་འཚམས་འདྲི་བྱེད་པར་ཡོང་བའི་ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་ཨ་པིས་ལ་མཇལ་འཕྲད་གནང་། 

ཞི་ཅིན་ཕིང་གིས་ཨེ་ཙེ་ཨོ་ཕི་ཡ་གདན་ཞུས་ལྟར་གསེར་གྱོམ་མཉམ་ལས་ནང་ཞུགས་པའི་ལམ་སྲོལ་ལ་རྟེན་འབྲེལ་ཞུས་ཤིང་། ཨེ་ཙེ་ཨོ་ཕི་ཡ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་ཁྲོད་ཞུགས་པའི་ཕྱོགས་གལ་ཆེན་ཞིག་ཡིན་པ་དང་། ལོ་བཅུའི་རིང་ཀྲུང་གོ་དང་ཨེ་ཙེ་ཨོ་ཕི་ཡ་ཡིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་པའི“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་ཁྱབ་ཁོངས་རྒྱ་ཆེ་བ་དང་གྲུབ་འབྲས་ཡག་པོ་ཐོབ་པ་ཚང་མ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་མདུན་གྲལ་དུ་སླེབས་ཡོད་ཅེས་གསུངས། ཕྱོགས་གཉིས་ཀྱིས་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་འཛུགས་རྒྱུ་གོ་སྐབས་སུ་བྱས་ནས་མཛའ་མཐུན་ཡིད་ཆེས་ཟམ་མི་ཆད་པར་ཇེ་བརྟན་དུ་གཏོང་བ་དང་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གྲུབ་འབྲས་སྔར་ལས་མང་བོ་ཐོབ་རྒྱུར་སྐུལ་འདེད་བཏང་སྟེ་ཐུན་མོང་འཕེལ་རྒྱས་དང་མཉམ་ལས་གཉིས་རྒྱལ་གྱི་གྲོགས་པོ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་བཅས་བྱེད་པའི་གྲོགས་པོ་བཟང་བོ་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཙེ་ཨོ་ཕི་ཡའི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཕྱོགས་གཉིས་ཀྱིས་མཐུན་སྒྲིལ་མཉམ་ལས་ལ་མུ་མཐུད་དུ་ཤུགས་བསྣན་ནས་ཕྱོགས་གཉིས་ཀྱི་རྩ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་། རྒྱུན་དུ་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ནས་བློ་བརྟན་འགྱུར་མེད་ངང་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཙེ་ཨོ་ཕི་ཡ་བར་གྱི“རྒྱུད་གཅིག་ལམ་གཅིག”དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་སོགས་ཀྱི་སྒྲོམ་གཞིའི་ནང་ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་པ་དང་། ཨེ་ཙེ་ཨོ་ཕི་ཡའི་དམག་འཁྲུག་རྗེས་ཀྱི་བསྐྱར་སྐྲུན་དང་དཔལ་འབྱོར་བསྐྱར་དར་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་པ། ལྗང་མདོག་འཕེལ་རྒྱས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ། འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་ཀྱི་གྲོས་འགོ་དོན་འཁྱོལ་བྱེད་པ་བཅས་བྱས་ནས་ཨེ་ཙེ་ཨོ་ཕི་ཡ་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཨེ་ཙེ་ཨོ་ཕི་ཡ་ནི་འཛམ་གླིང་གི་མཱ་ལཱ་སུང་ལུས་རྩལ་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཙེ་ཨོ་ཕི་ཡ་དང་མཉམ་དུ་མཱ་ལཱ་སུང་རྒྱང་རྒྱུག་གི་སྙིང་སྟོབས་དར་སྤེལ་བཏང་སྟེ་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྒྱང་སྐྱོད་ལམ་བུའི་ཐོག་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་བསྐྲུན་བྱེད་འདོད་ཡོད།

ཨ་པིས་ཀྱིས་ཨེ་ཙེ་ཨོ་ཕི་ཡས་ཀྲུང་གོའི་ཕྱོགས་ཀྱི་ཏང་སྐྱོང་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་ལ་སློབ་སྦྱོང་དང་དེ་དཔྱད་གཞིར་བཟུང་ནས། ཀྲུང་གོ་ཕྱོགས་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུར་མུ་མཐུད་སྐུལ་འདེད་བཏང་སྟེ་འགག་རྩའི་ཁྱབ་ཁོངས་སུ་མཉམ་ལས་སྔར་ལས་དམ་ཟབ་བྱ་འདོད་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། འཛམ་གླིང་ཧྲིལ་པོའི་བདེ་འཇགས་གྲོས་འགོ། འཛམ་གླིང་ཧྲིལ་པོའི་དཔལ་ཡོན་གྲོས་འགོ་བཅས་ལས་འདྲ་མཉམ་སྒོ་འབྱེད་དང་ཕན་ཚུན་བརྩི་འཇོག་བྱེད་པ་མཚོན་པ་དང་། ཐུན་མོང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུར་ཕན་པ་ཡོད་ལ། ཨེ་ཙེ་ཨོ་ཕི་ཡ་ཡིས་དེར་ཚད་མཐོའི་བསྔགས་བརྗོད་དང་རྒྱབ་སྐྱོར་བྱེད་བཞིན་ཡོད་པར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་ལས་དམ་ཟབ་བྱས་ནས་དོན་འཁྱོལ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཕྱོགས་གཉིས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨེ་ཙེ་ཨོ་ཕི་ཡ་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ།

ཚའེ་ཆི་དང་ཝང་དབྱི་གོང་གསལ་བྱེད་སྒོར་ཞུགས།

དཔའ་བརྟན་རྒྱལ་གྱིས་བསྒྱུར།