ཞི་ཅིན་ཕིང་གིས་ཧང་ག་རིའི་ཙུང་ལི་ཨོར་པན་ལ་མཇལ་འཕྲད་གནང་།
2023.10.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཟླ10པའི་ཚེས17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པར་ཡོང་བའི་ཧང་ག་རིའི་ཙུང་ལི་ཨོར་པན་ལ་མཇལ་འཕྲད་གནང་།

ཟླ10པའི་ཚེས17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པར་ཡོང་བའི་ཧང་ག་རིའི་ཙུང་ལི་ཨོར་པན་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཧང་ག་རི་ཕྱོགས་དང་མཉམ་དུ། ཏང་སྐྱོང་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་པ་དང་། སོ་སོས་བདམས་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དེ་ཧང་ག་རིའི“ཤར་ཕྱོགས་སྒོ་འབྱེད”ཀྱི་འཐབ་ཇུས་དང་སྦྲེལ་མཐུད་གང་ལེགས་བྱས་ནས། འཕེལ་རྒྱས་ཀྱི་གོ་སྐབས་དང་གྲུབ་འབྲས་མཉམ་སྤྱོད་བྱེད་འདོད་ཡོད། ཕྱོགས་གཉིས་ཀས་ཧང་ག་རི་དང་སེར་ཝེ་ཡའི་ལྕགས་ལམ་དུས་བཅད་ལྟར་བསྐྲུན་ནས། མེ་འཁོར་ཤར་གཏོང་ཐུབ་རྒྱུར་བརྩོན་ལེན་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་བར་གྱི་ཚོང་དོན་དངོས་ཟོག་མཉམ་ལས་གླིང་ཡག་པོར་གཉེར་བ་དང་། རྒྱལ་མཚམས་ལས་བརྒལ་བའི་གློག་རྡུལ་ཚོང་དོན་གྱི་གཞི་ཁྱོན་སྔར་ལས་ཆེ་རུ་གཏོང་བ། ཆ་འཕྲིན་ཚན་རྩལ་དང་ནུས་ཁུངས་གསར་བའི་ཐོན་ལས་མཉམ་ལས་རྒྱ་སྐྱེད་གཏོང་བ་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧང་ག་རིའི་སྤུས་ལེགས་ཞིང་ལས་ཐོན་རྫས་ནང་འདྲེན་བྱེད་ཚད་ཆེ་རུ་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧང་ག་རི་ཕྱོགས་དང་མཉམ་དུ། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་མཉམ་ལས་ཀྱི་ཡང་དག་པའི་ཁ་ཕྱོགས་ལ་མུ་མཐུད་ཁྲིད་སྟོན་བྱས་ནས། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་ཀྱི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ཨོར་པན་གྱིས་ཧང་ག་རི་ཕྱོགས་ཀྱིས་འབྲེལ་ཐག་གཅོད་རྒྱུ་དང“ཉེན་ཁའི”བྱེད་ཐབས་གང་རུང་ལ་ངོ་རྒོལ་བྱས་ནས། ཀྲུང་གོ་ཕྱོགས་དང་མཉམ་དུ། དཔལ་འབྱོར་ཚོང་དོན་དངུལ་གཏོང་དང་ཕན་ཚུན་སྦྲེལ་མཐུད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། མི་ཆོས་རིག་གནས་བརྗེ་རེས་གཏིང་ཟབ་ཏུ་གཏོང་འདོད་ཡོད། ཧང་ག་རི་ཕྱོགས་ཀྱིས་ཡོ་རོབ་དང་ཀྲུང་གོའི་བར་གྱི་འབྲེལ་བ་བདེ་ཐང་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན།

ཚའེ་ཆི་དང་ཝང་དབྱི་མཇལ་འཕྲད་ལ་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།