ཟླ10པའི་ཚེས17ཉིན་ནས་ཚེས18ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མང་ངེ་གྲོང་ཁྱེར་དུ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། མཚོ་སྔོན་དུ་རྐང་བཙུགས་ནས། མཐོ་སྒང་གི་ཐོན་ཁུངས་ནུས་ཁུངས་ཀྱི་དགེ་མཚན་འདོན་སྤེལ་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་བ་མངོན་པར་བྱེད་དགོས།
མཚོ་སྔོན་སྣུམ་ཞིང་སྣུམ་ཁྲོན་ཉི་ཤུ་པ་ཡོད་སར་སོང་ནས། སྣུམ་ཞིང་གི་བྱ་བའི་གྲུབ་འབྲས་དང་མ་འོངས་པའི་འཆར་གཞི་ལ་རྒྱུས་ལོན་བྱས་པ་དང་། ལས་རྐང་སྲུང་བའི་ལས་བཟོ་པར་འཚམས་འདྲི་བྱས། ཁོས་བསྟན་དོན། དུས་ཡུན་རིང་བོར། མཚོ་སྔོན་སྣུམ་ཞིང་གིས་རང་ཞིང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཚྭ་འདམ་གཞོང་གསར་སྤེལ་བེད་སྤྱོད་ཐད་ནུས་པ་གལ་ཆེན་བཏོན། རང་ཞིང་གིས་ཀྲུང་གོ་རྡོ་སྣུམ་བར་གྱི་འཐབ་ཇུས་མཉམ་ལས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཕྱོགས་གཉིས་ཀྱིས་མཉམ་འབྲེལ་ཆེན་པོ་དང་ཐུན་མོང་གི་འབད་འཐབ་བརྒྱུད་དེ། ཀྲུང་གོའི་རྡོ་སྣུམ་གྱི་ལག་རྩལ་དང་ཤེས་ལྡན་མི་སྣ། མ་དངུལ། ཚོང་རའི་དགེ་མཚན་འདོན་སྤེལ་བྱེད་པ་དང་། ནོར་བུའི་གཞོང་གི་སྲོལ་རྒྱུན་ནུས་ཁུངས་དང་དག་གཙང་ནུས་ཁུངས་ཀྱི་སྦས་ཤུགས་སྔོག་འདོན་བྱས་ནས། རྒྱལ་ཁབ་ནུས་ཁུངས་བདེ་འཇགས་ལ་འགན་སྲུང་བྱེད་ཆེད་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་དགོས། ས་དེའི་ཏང་ཨུ་དང་སྲིད་གཞུང་གིས་ཞབས་ཞུ་དང་རྒྱབ་སྐྱོར་བྱེད་ཤུགས་ཆེར་བཏང་སྟེ། སྣུམ་ཞིང་གི་ལས་བཟོ་བར་བྱ་བའི་ཁོར་ཡུག་བཟང་བོ་བསྐྲུན་དགོས།
གཏེར་ལྔ་ཚྭ་མཚོ་ཚད་ཡོད་ཀུང་ཟི་དང་མཚོ་སྔོན་ཧིན་ཡུས་ཧྥིན་ཚྭ་འགྱུར་ཐོན་ལས་ཚད་ཡོད་ཀུང་ཟི་སོགས་སུ། ཁྲིན་ཀང་འཁོར་ཁང་དུ་སོང་ནས། ཚྭ་མཚོའི་ཐོན་ཁུངས་ཁྱབ་ཚུལ་དང་གསར་སྤེལ། བེད་སྤྱོད་དང་ཁེ་ལས་ཀྱི་ཐོན་སྐྱེད་ཚོང་གཉེར་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཁོས་ནན་གྱིས་བསྟན་དོན། ཚྭ་མཚོའི་ཐོན་ཁུངས་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་ཐོན་ཁུངས་གལ་ཆེན་ཡིན་པ་དང་། ཚྭ་མཚོའི་ཐོན་ཁུངས་ནི་མཚོ་སྔོན་གྱི་ཁྱད་ལྡན་དགེ་མཚན་ཐོན་ལས་གལ་ཆེན་ཡིན་པས། རྒྱལ་ཁབ་ཀྱི་ཇུས་འགོད་ལ་དམ་དུ་དམིགས་པ་དང་། འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ནས། ཐོན་ལས་སྔར་ལས་འཕེལ་རྒྱས་སུ་གཏོང་བ་དང་ཁེ་ལས་སྟོབས་ལྡན་དུ་བསྒྱུར་བ་དང་། རྒྱུན་མཐུད་ངང་འཐབ་ཇུས་རང་བཞིན་གྱི་གཏེར་ཐོན་ཐོན་ཁུངས་འཚོལ་ཞིབ་མཐིལ་རྟོགས་བྱེད་པ། ལུགས་དང་མཐུན་པ་དང་གོ་རིམ་ལྡན་པའི་སྒོ་ནས་ཚྭ་མཚོ་གསར་སྤེལ་བྱེད་པ། འཕེལ་རྒྱས་ལ་གནོད་བྱེད་པའི་གནད་འགག་རྒྱུ་རྐྱེན་ཐག་གཅོད་པ། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་པའི་དམིགས་འབེན་མངོན་འགྱུར་བྱས་ཏེ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་ནུས་ཁུངས་ཐོན་ཁུངས་འགན་སྲུང་ཇེ་དྲག་ཏུ་གཏོང་ཆེད་བྱས་རྗེས་གསར་བ་འཇོག་དགོས།
ཁྲིན་ཀང་སྔ་གཞུག་ཏུ་མཚོ་འཁྱག་སྐར་མ་ལྷག་པའི་སྒར་ས་དང་ཚོད་ལྟ་ཁང་། གནམ་དཔྱོད་ལྟ་ཞིབ་རྟེན་གཞི་བཅས་ལ་སོང་ནས། ཡུལ་དངོས་ནས་གནམ་དཔྱོད་རྒྱང་ཤེལ་འཛུགས་སྐྲུན་བཀོལ་སྤྱོད་དང་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་བའི་གནས་ཚུལ་ལ་ལྟ་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། འཆར་འགོད་སྔོན་དུ་བསྐྱོད་པ་དང་གཅིག་འདོམས་འཆར་འགོད་ལ་ཤུགས་སྣོན་པ་རྒྱུན་འཁྱོངས་བྱེད་པ་དང་། ཚན་རིག་ཞིབ་འཇུག་གླིང་དང་མཐོ་རིམ་སློབ་གྲྭ་དང་མཉམ་ལས་གཏིང་ཟབ་བྱེད་པ། མཚོ་འཁྱག་ཚན་རྩལ་གསར་གཏོད་ཐོན་ལས་ར་བའི་ཁུལ་འཛུགས་སྐྲུན་བྱེད་པ། རྒྱུ་རྐྱེན་གཙོ་བོའི་འགན་སྲུང་བཟང་བོར་བྱེད་པ། རྗེས་མཐུད་ལས་གཞི་དང་འབྲེལ་མཐུད་བྱེད་པ། འཛམ་གླིང་རིམ་པའི་གནམ་དཔྱོད་ལྟ་ཞིབ་རྟེན་གཞི་འཛུགས་སྐྲུན་བྱེད་པ། ཚན་རྩལ་དང་ཚན་རྩལ་ཁྱབ་གདལ། ཚན་འཕྲུལ། ཚན་རྩལ་གསར་གཏོད་ཀྱི་གཏམ་རྒྱུད་བཟང་བོ་བཤད་པ། ན་གཞོན་ལོ་ཆུང་དང་ཚན་རྩལ་ལ་དགའ་ཞེན་ཆེ་བའི་མི་ནང་འགུག་བྱས་ཏེ། ཚན་རྩལ་གསར་གཏོད་དང་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་བའི་ལམ་བུ་ཞིག་བཏོད་དགོས།
མང་ངེ་སྤྱི་བདེ་ཞིབ་བཤེར་ས་ཚིགས་སུ། ཁྲིན་ཀང་གིས་ཞིབ་བཤེར་ས་ཚིགས་ཀྱི་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་པ་དང་བསམ་བློ་བརྗེ་རེས་བྱས་པ་དང་། བྱ་བ་སྤེལ་བ་དང་ཆ་འཕྲིན་ཅན་འཛུགས་སྐྲུན། སྟོབས་ཤུགས་ཆ་སྡེབས་དང་འབྲེལ་ཡོད་གཞུང་ལམ་འཛུགས་སྐྲུན་གྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཁོས་ནན་གྱིས་བསྟན་དོན། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་ཐད་ཀྱི་གཅིག་ཅན་བཅུའི་རེ་བ་ལག་བསྟར་བྱེད་པ་དང་། བདེ་འཇགས་མཚོ་སྔོན་གྱི་འགོག་ར་བརྟན་པོ་འཛུགས་པ། ལམ་ལུགས་སྒྲིག་ལམ་འཐུས་ཚང་དུ་གཏོང་བ་དང་མི་སྣའི་དོ་དམ་ལ་ཤུགས་སྣོན་པ། འགན་འཁྲི་ལག་བསྟར་བྱེད་པར་ཤུགས་སྣོན་པ། ཉེན་ཁ་འགོག་སྲུང་བྱེད་པ་དང་ཁ་གཏད་འཇལ་བ། ཐག་གཅོད་པའི་ནུས་པ་དང་ཆུ་ཚད་མཐོར་འདེགས་བཏང་ནས། མི་དམངས་ལ་སྲུང་སྐྱོབ་བྱེད་པ་དང་ཉེས་ཅན་ལ་འཇིགས་སྐུལ་བྱེད་པའི་ནུས་པ་འདོན་པ་དང་། མཚོ་སྔོན་གྱི་ནུབ་སྒོ་ཆེན་མོ་བརྟན་སྲུང་བྱེད་དགོས།
མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥིན་རྟོག་ཞིབ་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།