ཟླ་བཅུ་བའི་ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པའི་ལྷད་མེད་འཕེལ་རྒྱས་མཐོ་རིམ་གླེང་སྟེགས་ལ་ཞུགས་ཏེ་ཞུ་ཚིག་ཕུལ།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་ཟླ་བཅུ་བའི་ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོར་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པའི་ལྷད་མེད་འཕེལ་རྒྱས་མཐོ་རིམ་གླེང་སྟེགས་ལ་ཞུགས་ཏེ་ཞུ་ཚིག་ཕུལ།
ཧན་ཀྲིན་གྱིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པ་མགོ་རྩོམ་པའི་མཛད་སྒོའི་སྟེང་གསུང་བཤད་གལ་ཆེན་སྤེལ་ཏེ། ཕྱོགས་ཡོངས་ནས་ལོ་ངོ་བཅུའི་རིང་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱས་པའི་འོད་སྟོང་འབར་བའི་གྲུབ་འབྲས་དང་ཉམས་མྱོང་བཟང་བོར་ཕྱིར་དྲན་དང་སྤྱི་བསྡོམས་བྱས་ཤིང་། དུས་རིམ་རྗེས་མའི་སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཐད་ནས་དགོངས་འཆར་དང་གྲོས་གཞི་གསལ་བོར་རྒྱས་བཤད་བྱས་པར་མ་ཟད། ཕྱོགས་སོ་སོས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་མཛེས་སྡུག་གི་མ་འོངས་པར་རེ་སྨོན་སྔར་ལས་ཆེན་པོ་བྱེད་པའི་དགོངས་ཚུལ་བསྟན་ཡོད་ཟེར།
ཧན་ཀྲིན་གྱིས་བསྟན་དོན། ལྷད་མེད་དར་གོས་ཚོང་ལམ་མཉམ་འཛུགས་བྱེད་པར་སྐུལ་འདེད་གཏོང་བ་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རགྱལ་ཁབ་ཀྱི་ལྷད་མེད་ཐཱན་ཉུང་གི་འཕེལ་རྒྱས་དང་དག་གཙང་མཛེས་སྡུག་གི་འཛམ་གླིང་མཉམ་འཛུགས་བྱེད་པར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད། རྒྱལ་ཁབ་ཀྱི་ལྷད་མེད་འཕེལ་རྒྱས་མཉམ་འཛུགས་བྱེད་པའི་འདུ་ཤེས་ཁྲིད་སྟོན་དུ་བཟུང་སྟེ། ཕན་ཚུན་སློབ་སྦྱོང་དཔེར་ལེན་དང་། ལག་རྡང་སྦྲེལ་ནས་མཉམ་ལས་བྱེད་པ། འབྲེལ་འདྲིས་དང་བརྗེ་རེས་གཏིང་ཟབ་ཏུ་སྤེལ་བ། དངོས་གཉེར་མཉམ་ལས་ཀྱི་ཕན་འབྲས་མངོན་གསལ་ཐོན་ཡོད་ལ། ལྷད་མེད་དར་གོས་ཚོང་ལམ་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། ཀྲུང་གོའི་ནུས་ཁུངས་གྲུབ་ཚུལ་མྱུར་མོར་ལྷད་མེད་འཕར་བསྒྱུར་བྱེད་པ་དང་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་བསྟུད་མར་ལེགས་བཅོས་བྱས་ནས། ཧུར་ཐག་སྒོས་འཛམ་གླིང་ཡོངས་ཀྱི་ཁོར་ཡུག་བཅོས་སྐྱོང་ནང་ཞུགས་ནས་དེར་སྣེ་ཁྲིད་བྱས་ཏེ། མཉམ་དུ་མི་དང་རང་བྱུང་ཁམས་ཀྱི་ཚེ་སྲོག་ཐུན་མོང་ཚོགས་པ་འཛུགས་པ་དང་། འཛམ་གླིང་ཡོངས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཀྲུང་གོའི་བྱས་རྗེས་འཇོག་དགོས། མིག་སྔར་འཛམ་གླིང་ཡོངས་ཀྱི་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པའི་འགྲན་རྩོད་ཇེ་ཆེར་སོང་ཡོད་པས། རྒྱལ་ཁབ་སོ་སོས་ལག་རྡང་སྦྲེལ་ནས་སྐྱེ་ཁམས་ཀྱི་མཛེས་པས་མཛེས་སྡུག་མཉམ་སྤྱོད་དང་མཉམ་ལས་ཀྱི་སྟོབས་ཤུགས་ཀྱིས་མིའི་རིགས་ཀྱི་མཛེས་སྡུག་གི་ཁྱིམ་གཞིས་མཉམ་སྐྲུན་བྱེད་དགོས།
ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། སྔར་ལས་ལྷག་པའི་སྒོ་ནས་ལྷད་མེད་འཕེལ་རྒྱས་ཀྱི་གྲོགས་པོའི་ཁྱིམ་ར་རྒྱ་བསྐྱེད་པ་དང་། རྒྱུད་གཅིག་ལམ་གཅིག་གི་ལྷད་མེད་འཕེལ་རྒྱས་ཀྱི་རྒྱལ་སྤྱིའི་མནའ་འབྲེལ་སོགས་སྟེགས་བུའི་རྒྱབ་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་བ། རྒྱུད་གཅིག་ལམ་གཅིག་གི་ལྷད་མེད་འཕེལ་རྒྱས་ཀྱི་པེ་ཅིང་གྲོས་འདོན་དངོས་འབེབས་བྱས་ནས། སྲིད་གཞུང་དང་ཁེ་ལས། མང་ཚོགས་བཅས་ཀྱི་ལྷད་མེད་འཕེལ་རྒྱས་ཀྱི་འདྲིལ་ཤུགས་ཇེ་ཆེར་གཏོང་དགོས། སྔར་ལས་ལྷག་པའི་སྒོ་ནས་ལྷད་མེད་འཕེལ་རྒྱས་ཀྱི་གཞོགས་འདེགས་ནུས་པ་མཐོར་འདེགས་བྱས་ཤིང་། ལྷད་མེད་འཕེལ་རྒྱས་ཀྱི་དངུལ་གཏོང་དངུལ་གསོག་མཉམ་ལས་གྲོགས་པོའི་འབྲེལ་བ་བཙུགས་ནས། ལྷད་མེད་ཀྱི་རྨང་གཞིའི་སྒྲིག་ཆས་དང་བཀག་མེད་འགྲིམ་འགྲུལ་སོགས་མཉམ་ལས་ལས་གཞི་ཆེན་མོ་དངོས་འབེབས་བྱས་ཏེ་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་སྟེ། ལྷད་མེད་ཚན་རྩལ་དང་ལྷད་མེད་ཐོན་ལས། ལྷད་མེད་ཉོ་ཚོང་བཅས་ཀྱི་མཉམ་ལས་རྒྱ་བསྐྱེད་དགོས། སྔར་ལས་ལྷག་པའི་སྒོ་ནས་ལྷད་མེད་ནུས་ཁུངས་དངུལ་གཏོང་དང་ལག་རྩལ་མཉམ་ལས་ཇེ་དྲག་ཏུ་བཏང་ནས། རྒྱལ་ཁབ་ཀྱི་ནུས་ཁུངས་ལྷད་མེད་ཐཱན་ཉུང་གི་འཕར་བསྒྱུར་ལ་རོགས་འདེགས་བྱེད་དགོས། སྔར་ལས་ལྷག་པའི་སྒོ་ནས་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པའི་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ལྷད་མེད་ཀྱི་དར་གོས་ཚོང་ལམ་འཛུགས་སྐྲུན་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གཏིང་ཟབ་ཏུ་སྦྲེལ་མཐུད་བྱེད་པར་སྐུལ་འདེད་བཏང་སྟེ། མུ་མཐུད་དུ་འཛམ་གླིང་ཡོངས་ཀྱི་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པའི་ཐད་སྟོབས་ཤུགས་འབུལ་དགོས་ཟེར།
གླེང་སྟེགས་ཀྱིས་ལྷད་མེད་དར་གོས་ཚོང་ལམ་མཉམ་འཛུགས་བྱས་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་ལས་ལ་སྐུལ་འདེད་གཏོང་བ་བརྗོད་སྙིང་དུ་བཟུང་ཡོད་ཅིང་། སྐྱེ་ཁམས་ཁོར་ཡུག་པུའུ་དང་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་བྱས་པ་ཡིན་ལ། རྒྱལ་ཁབ་བཞི་བཅུ་ལྷག་མི་མི་བཞི་བརྒྱ་ལྷག་གླེང་སྟེགས་ལ་ཞུགས།
བསོད་ནམས་ཚེ་རིང་གིས་བསྒྱུར།