ཞི་ཅིན་ཕིང་གིས་ནི་ཀྲི་རི་ཡའི་ཙུང་ཐུང་གཞོན་པ་ཞེ་ཏིས་མཱ་ལ་མཇལ་འཕྲད་གནང་།
2023.10.19 ཁུངས། ཀློག་གྲངས། 11

ཟླ་བཅུ་བའི་ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཀྲུང་གོར་སྐབས་གསུམ་པའི་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ལ་ཞུགས་སུ་ཡོང་བའི་ནི་ཀྲི་རི་ཡའི་ཙུང་ཐུང་གཞོན་པ་ཞེ་ཏིས་མཱ་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ངས་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་བཏོན་ནས་ལོ་བཅུ་འགོར་བའི་ལོ་ཡིན་ལ། ཨ་ཧྥེ་རི་ཁར་ལག་བསྟར་བྱེད་པའི་སྲིད་ཇུས་བཏོན་ནས་ལོ་བཅུ་འཁོར་བའི་ལོ་ཡང་རེད། ལོ་ངོ་བཅུའི་རིང་ལ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པར་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་མཚོན་རྟགས་རིང་བཞིན་གྱི་ལས་གཞི་རབ་དང་རིམ་པ་འཛུགས་གྲུབ་བྱས། ཀྲུང་ནིའི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱིས་ལྕགས་ལམ་དང་གྲུ་ཁ། ཆུ་གློག་ས་ཚིགས། འཕྲིན་གཏོང་དྲ་ལམ་གཙོ་བོ་སོགས་ལས་གཞི་ཆེན་མོ་རབ་དང་རིམ་པ་མུ་རུ་ལས་འགོ་བརྩམས་ཤིང་། རང་དབང་ཉོ་ཚོང་ཁུལ་འཛུགས་སྐྲུན་བྱས་པར་གྲུབ་འབྲས་ལེགས་པོ་བླངས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ནི་ཀྲི་རི་ཡ་ཕྱོགས་དང་མཉམ་དུ་སྔར་མེད་འབད་བརྩོན་བྱས་ནས། ཀྲུང་གོ་དང་ནི་ཀྲི་རི་ལི་ཡ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཐད་མཉམ་ལས་བྱས་ནས་ངེས་དོན་གྱི་གྲུབ་འབྲས་སྔར་ལས་གང་མང་ལེན་འདོད་ཡོད་ལ། ནི་ཀྲི་ལི་ཡ་དང་ཨ་ཧྥེ་རི་ཁ་གླིང་དུ་བཟོ་ལས་ཅན་དང་ཞིང་ལས་དེང་རབས་ཅན་མངོན་འགྱུར་བྱེད་པར་གཞོགས་འདེགས་བྱེད་འདོད་ཡོད། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ནི་ཀྲི་རི་ཡའི་བར་དུ་འབྲེལ་བ་བཙུགས་ནས་དུས་རབས་ཕྱེད་ཀྱི་རིང་ལ། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བརྩི་བཀུར་དང་གཉིས་ཕན་མཐའ་གཅིག་ཏུ་རྒྱུན་འཁྱོངས་བྱས་པ་རེད། རྙོག་དྲ་ཆེ་བའི་འཛམ་གླིང་གི་ཁ་གཏད་དུ། ཀྲུང་གོ་དང་ནི་ཀྲི་རི་ཡ་གཉིས་ཀྱིས་དུས་ནམ་ཡང་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་དགོས། ཀྲུང་གོ་ཕྱོགས་ཀྱིས་ནི་ཀྲི་རི་ཡ་ཕྱོགས་ཀྱིས་རང་གི་རྒྱལ་ཁབ་ཀྱི་དོན་དངོས་དང་མཐུན་པའི་དེང་རབས་ཅན་གྱི་བགྲོད་ལམ་དུ་བསྐྱོད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ནི་ཀྲི་རི་ཡ་ཕྱོགས་ཀྱི་མཐོ་རིམ་འགོ་ཁྲིད་པའི་བར་དུ་ཕན་ཚུན་འགྲོ་འོང་བྱས་ནས། སྤུས་ཚད་མཐོ་བའི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ནི་ཀྲི་རི་ཡ་ཡིས་རྒྱལ་སྤྱིའི་དང་ས་ཁུལ་ལས་དོན་ཁྲོད་དུ་ནུས་པ་སྔར་ལས་ཆེ་བ་འདོན་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ནི་ཀྲི་རི་ཡ་ཕྱོགས་དང་མཉམ་དུ་འཐབ་ཇུས་གྲོས་མཐུན་ལ་སྐུལ་འདེད་བཏང་ནས། རྒྱལ་སྤྱིའི་འབྲེལ་བའི་དམངས་གཙོ་ཅན་ལ་སྐུལ་འདེད་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་འདོད་ཡོད།

ཞེ་ཏིས་མཱ་ཡིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་སྐབས་གསུམ་པའི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་བསྡུས་པར་རྟེན་འབྲེལ་ཞུ། ནི་ཀྲི་རི་ཡ་ཡིས་ཀྲུང་གོ་ཕྱོགས་དང་མཉམ་དུ་སྐྱིད་སྡུག་མཉམ་མྱོང་དང་ཕན་ཚུན་རོགས་རམ་བྱེད་པའི་གྲོགས་པོ་བཟང་བོ་བྱ་འདོད་ཡོད་ལ། ཀྲུང་གོས་ནི་ཀྲི་རི་ཡ་སོགས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དག་ལ་དུས་དང་རྣམ་པ་ཀུན་ཏུ་བརྩི་བཀུར་དང་འདྲ་མཉམ་གྱི་ལྟ་སྟངས་བཟུང་ནས། ཨ་ཧྥེ་རི་ཁ་གླིང་གི་མི་དམངས་ཀྱི་ཁེར་ཚུགས་དང་འཕེལ་རྒྱས་ཀྱི་འཚོལ་སྙེག་ལ་རྒྱབ་སྐྱོར་བྱས་པ་རེད། ཀྲུང་གོ་ཕྱོགས་ཀྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་གོ་ལ་ཧྲིལ་བོའི་མཉམ་ལས་གྲོས་འགོ་རབ་དང་རིམ་པ་བཏོན་པར་བཀའ་དྲིན་ཞུ། དེ་ཡིས་ནི་ཀྲི་རི་ཡའི་འཕེལ་རྒྱས་ལ་གཞོགས་འདེགས་གལ་ཆེན་བྱས་ཡོད་པ་དང་། ནི་ཀྲི་རི་ཡ་དང་ཨ་ཧྥེ་རི་ཁ་གླིང་གི་བཟོ་ལས་ཅན་གྱི་འཕེལ་རྒྱས་ལ་གཞོགས་འདེགས་ཆེན་པོ་བྱས་སོང་ཟེར། 

ཚེ་ཆི་དང་ཝང་དབྱི་གཉིས་མཇལ་འཕྲད་ལ་ཞུགས།

 སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།