ཟླ10པའི་ཚེས19ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པར་ཡོང་བའི་ཨེ་ཅིབ་ཀྱི་ཙུང་ལི་མཱ་ཏི་པུའུ་ལིས་ལ་མཇལ་འཕྲད་གནང་།
ཟླ10པའི་ཚེས19ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པར་ཡོང་བའི་ཨེ་ཅིབ་ཀྱི་ཙུང་ལི་མཱ་ཏི་པུའུ་ལིས་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་ཨེ་ཅིབ་ནི་ཀྲུང་གོ་གསར་བའི་བར་འབྲེལ་བ་བཙུགས་པའི་ཨ་རབ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཐོག་མ་ཡིན་ལ། རྒྱལ་ཁབ་གཉིས་ནི་འདོད་བློ་གཅིག་མཐུན་དང་ཕན་ཚུན་ཡིད་ཆེས་བྱས་ཆོག་པའི་གྲོགས་པོ་བཟང་བོ་ཡིན་པ་དང་། མཉམ་དུ་ལག་གདང་སྦྲེལ་ནས་འཕེལ་རྒྱས་དང་ཐུན་མོང་དར་རྒྱས་ཡོང་བར་འབད་ཀྱིན་པའི་ཟླ་གྲོགས་བཟང་བོའང་ཡིན། ལོ་ངོ་བཅུ་ཡི་རིང་ལ། ཀྲུང་གོ་དང་ཨེ་ཅིབ་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་སྒྲོམ་གཞིའི་ཁྲོད་དུ། གྲུབ་འབྲས་གཟེངས་སུ་ཐོན་པའི་ངང་ནས་མཉམ་ལས་བྱས་ཡོད། ཨེ་ཅིབ་ཀྱིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ལ། ཨེ་ཅིབ་ཕྱོགས་དང་མཉམ་དུ་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། སྟོབས་ཤུགས་ཡོད་པའི་ཀྲུང་གོའི་ཁེ་ལས་ཨེ་ཅིབ་ཏུ་དངུལ་གཏོང་ལས་སྐྲུན་བྱེད་པར་བསྐྱོད་རྒྱུར་སྐུལ་མ་གཏོང་བ་བཅས་བྱས་ནས། ཨེ་ཅིབ་ཀྱི་སྤུས་ལེགས་ཐོན་རྫས་སྔར་ལས་གང་མང་ཀྲུང་གོའི་ཁྲོམ་རའི་ནང་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཅིབ་ཕྱོགས་དང་མཉམ་དུ། “རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པའི་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱས་ཏེ། རྨང་གཞིའི་སྒྲིག་ཆས་དང་ཞིང་ལས་ལག་རྩལ། བསྐྱར་སྐྱེས་ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། མི་གཞུང་རིག་གནས་བརྗེ་རེས་མཉམ་ལས་རྒྱ་ཆེར་བཏང་ནས། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ཨེ་ཅིབ་གསེར་གྱོམ་མཉམ་ལས་ཁྲོད་དངོས་སུ་ཞུགས་པར་རྟེན་འབྲེལ་ཞུས་པ་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཅིབ་ཕྱོགས་དང་མཉམ་དུ། ཀྲུང་གོ་དང་ཨ་རབ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྒྲོམ་གཞིའི་འོག་གི་མཉམ་ལས་དང་། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་དང་གསེར་གྱོམ་རྒྱལ་ཁབ་སོགས་ཕྱོགས་མང་ལས་སྟེགས་སུ་མཐུན་སྦྱོར་དང་གཞོགས་འདེགས་བྱ་རྒྱུར་ཤུགས་བསྣན་ནས། ཕྱོགས་མང་རིང་ལུགས་ངོ་མར་སྲུང་སྐྱོབ་དང་། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱས་ནས། ས་ཁུལ་དང་འཛམ་གླིང་ལ་གཏན་འཁེལ་རང་བཞིན་དང་བརྟན་ལྷིང་རང་བཞིན་སྔར་ལས་གང་མང་སྣོན་འདོད་ཡོད་ཅེས་ནན་གྱིས་གསུངས།
མཱ་ཏི་པུའུ་ལིས་ཀྱིས་ཨེ་ཅིབ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀའི་འབྲེལ་བ་ཡི་ཁྱབ་ཁོངས་ཁག་ལ་འཕེལ་རྒྱས་སྔར་ལས་ཆེན་པོ་ཡོང་བར་རེ་ལྟོས་བྱེད་ཀྱིན་ཡོད་ཅིང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ཁྲོད་མུ་མཐུད་འབད་པས་ཞུགས་འདོད་ཡོད། ཀྲུང་གོའི་ཁེ་ལས་སྔར་ལས་མང་བོ་ཨེ་ཅེབ་ཏུ་དངུལ་གཏོང་དང་ལས་རིགས་དར་སྤེལ་གཏོང་བར་ཡོང་བ་ལ་རེ་ལྟོས་བྱེད་ཀྱིན་ཡོད་ཅིང་། དེའི་ཐད་ཨེ་ཅིབ་ཕྱོགས་ཀྱིས་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་བདེ་འཇགས་ལ་འགན་ལེན་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཅིབ་གསེར་གྱོམ་མཉམ་ལས་ཁྲོད་ཞུགས་རྒྱུར་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་ཡིན་ལ། ཀྲུང་གོ་ཕྱོགས་དང་ཕྱོགས་མང་མཉམ་ལས་དམ་ཟབ་བྱས་ནས། རྒྱལ་སྤྱིའི་རྣམ་པ་དེ་སྔར་ལས་དོ་སྙོམས་དང་དྲང་གཞག་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།
ཚའེ་ཆི་དང་ཝང་དབྱི་མཇལ་འཕྲད་ལ་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།