ཟླ10པའི་ཚེས19ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པར་ཡོང་བའི་ཁམ་ཕུ་ཁྲེ་ཡི་དབུ་བཞུགས་བློན་ཆེན་ཧུང་མཱ་ནའེ་ལ་མཇལ་འཕྲད་གནང་།
ཟླ10པའི་ཚེས19ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པར་ཡོང་བའི་ཁམ་ཕུ་ཁྲེ་ཡི་དབུ་བཞུགས་བློན་ཆེན་ཧུང་མཱ་ནའེ་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཁམ་ཕུ་ཁྲེ་ཡི་བར་འབྲེལ་བ་བཙུགས་ནས་ལོ་རེ་ལྔ་འཁོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀས་ཕན་ཚུན་བར་བརྩི་འཇོག་དང་ཕན་ཚུན་བར་ཡིད་ཆེས། ཕན་ཚུན་བར་རྒྱབ་སྐྱོར། ཕན་ཚུན་བར་གྲུབ་འབྲས་ཐོབ་པ་བཅས་བྱས་ནས། རྒྱལ་ཁབ་ཆེ་ཆུང་ཚང་མའི་བར་ཕན་ཚུན་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་གཉིས་ཕན་གཉིས་རྒྱལ་བྱེད་པའི་དཔེ་མཚོན་དུ་གྱུར་ཡོད། ཀྲུང་གོ་དང་ཁམ་ཕུ་ཁྲེ་ཡི་བར་མཛའ་བརྩེ་ཟབ་མོ་ལྡན་པ་དང་། ཀྲུང་གོ་དང་ཁམ་ཕུ་ཁྲེ་ཡི་འབྲེལ་བ་བརྟན་པོ་ཡིན། ཕྱོགས་གཉིས་ཀས་ཕན་ཚུན་བར་འགྲོ་འོང་དམ་ཟབ་བྱེད་པ་དང་མཐོ་རིམ་བར་གྱི་འཐབ་ཇུས་འབྲེལ་གཏུག་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་སྲིད་གཞུང་བར་གྱི་མཐུན་སྦྱོར་ཨུ་ཡོན་ལྷན་ཁང་གི་ལམ་སྲོལ་ཡག་པོ་སྤྱོད་པ་དང་། དུས་རབས་གསར་བར། རྒྱལ་ཁབ་གཉིས་ཀའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པའི་བྱ་སྤྱོད་འཆར་གཞི་དོན་འཁྱོལ་ཡག་པོ་བྱས་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་སྔར་ལས་ཇེ་ཡག་ཏུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་པ་ལས་ཁམ་ཕུ་ཁྲེ་ལ་འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་མཉམ་གྲོས་དང་མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས། “རྒྱུད་གཅིག་ལམ་གཅིག”གྲོས་འགོ་དང་ཁམ་ཕུ་ཁྲེ་ཡི“ཟུར་ལྔའི་འཐབ་ཇུས”ཀྱི་འབྲེལ་མཐུད་ལ་སྐུལ་འདེད་ནུས་ལྡན་བཏང་སྟེ། ཀྲུང་གོ་དང་ཁམ་ཕུ་ཁྲེ་ཡི་མཉམ་ལས་སྒྲོམ་གཞི་མགྱོགས་མྱུར་ངང་འཐུས་ཚང་དུ་བཏང་ནས། “བཟོ་ལས་འཕེལ་རྒྱས་ཀྱི་བར་ཁྱམས”དང“ཉ་དང་འབྲས་ཀྱི་བར་ཁྱམས”ཡག་པོ་བསྐྲུན་ཏེ། དམངས་ཕན་བཟོ་སྐྲུན་སྔར་ལས་གང་མང་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་ཡི་གནམ་གྲུ་འབབ་ཐང་དང་རིག་དངོས་གནའ་ཤུལ་ཉམས་གསོ་སོགས་ཀྱི་ལས་གཞིར་རྒྱབ་སྐྱོར་བྱ་རྒྱུ་དང་། ཁམ་ཕུ་ཁྲེ་ཡི་ཞིང་ལས་ཐོན་རྫས་སྔར་ལས་གང་མང་ཀྲུང་གོའི་ཁྲོམ་རར་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ལ། ཀྲུང་གོའི་ཡུལ་སྐོར་པ་སྔར་ལས་མང་བོ་ཁམ་ཕུ་ཁྲེ་རུ་ཡུལ་སྐོར་དུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན། ངས་དབུ་བཞུགས་བློན་ཆེན་ཁྱོད་དང་མཉམ་དུ། ཉིས་སྟོང་ཉེར་བཞི་ལོ་ནི“ཀྲུང་གོ་དང་ཁམ་ཕུ་ཁྲེ་ཡི་མི་གཞུང་བརྗེ་རེས་ལོར”གཏན་འཁེལ་བྱ་རྒྱུ་དངོས་སུ་ཁྱབ་སྒྲོག་བྱས་པ་ཡིན་ཞེས་ནན་གྱིས་གསུངས།
ཧུང་མཱ་ནའེ་ཡིས་ཁམ་ཕུ་ཁྲེ་ཕྱོགས་ཀྱིས་ཀྲུང་གོའི་བར་མཛའ་མཐུན་གྱི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱ་རྒྱུ་དང་། ཀྲུང་གོ་ཕྱོགས་ཀྱི་ཁེ་ཕན་གཙོ་བོར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་ཡིན། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་རེ་ལྔ་འཁོར་བར་རྟེན་འབྲེལ་ཞུ་རྒྱུ་གོ་སྐབས་སུ་བརྩིས་ཏེ། ཀྲུང་གོའི་བར་གྱི་འགྲོ་འོང་མཉམ་ལས་ལ་ཤུགས་བསྣན་ནས། “བཟོ་ལས་འཕེལ་རྒྱས་ཀྱི་བར་ཁྱམས”དང“ཉ་འབྲས་བར་ཁྱམས”ཀྱི་མཉམ་ལས་ལ་སྐུལ་འདེད་ནུས་ལྡན་བཏང་སྟེ། རྒྱལ་ཁབ་གཉིས་ཀའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་འདོད་ཡོད། ཀྲུང་གོའི་ཡུལ་སྐོར་པ་སྔར་ལས་མང་བོ་ཁམ་ཕུ་ཁྲེ་རུ་ཡུལ་སྐོར་དུ་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གྲོས་འགོ་གལ་ཆེན་རབ་དང་རིམ་པས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་གོ་སྐབས་དང་ལས་སྟེགས་གལ་ཆེན་མཁོ་འདོན་བྱས་ཡོད་པས། ཁམ་ཕུ་ཁྲེ་ཕྱོགས་ཀྱིས་རྒྱབ་སྐྱོར་གང་ལེགས་བྱེད་རྒྱུ་ཡིན་ཞེས་བསྟན།
ཚའེ་ཆི་དང་ཝང་དབྱི་མཇལ་འཕྲད་ལ་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།