ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པའི་མགོ་རྩོམ་མཛད་སྒོའི་སྟེང་གནང་བའི་གཙོ་དོན་གསུང་བཤད་ལ་ཚོགས་ཞུགས་སྐུ་མགྲོན་ཚོའི་ཁྲོད་ཚུར་སྣང་ཆེན་པོ་བྱུང་། ཚང་མས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་གཙོ་དོན་གསུང་བཤད་ཀྱིས་ལོ་རྒྱུས་འཕེལ་རྒྱས་ཀྱི་གནས་བབ་ཆེན་པོར་དམིགས་པ་དང་མིའི་རིགས་ཀྱི་དཔལ་ཡོན་ཁ་ཕྱོགས་ལ་བསམ་གཞིགས་ཟབ་མོ་བཏང་སྟེ་སྤུས་ཚད་མཐོན་པོས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་སྒུལ་ཤུགས་གསར་བ་བསྣན་པ་དང་རྒྱལ་ཁབ་སོ་སོས་ཐུན་མོང་དར་རྒྱས་འཕེལ་རྒྱས་མངོན་འགྱུར་བྱེད་པར་དྲང་ནུས་བསྣན་ལ། མིའི་རིགས་ལ་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་འཛུགས་སྐྲུན་བྱེད་པའི་ཐད་སྟོབས་ཤུགས་ཆེན་པོ་ཕུལ།
ཀྲུའུ་ཞི་ཞི་ཅིན་ཕིང་གི་གཙོ་དོན་གསུང་བཤད་ཁྲོད་དུ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱས་ནས་ལོ་བཅུའི་རིང་ལ། ང་ཚོས་ཐོག་མའི་བསམ་འདུན་བརྟན་སྲུང་དང་མཉམ་དུ་མདུན་སྐྱོད་བྱས་ཏེ་རྒྱུད་གཅིག་ལམ་གཅིག་ལ་སྐུལ་འདེད་གཏོང་བའི་རྒྱལ་སྤྱིའི་མཉམ་ལས་མེད་པ་ནས་ཡོད་པ་དང་། དེ་ནས་འཕེལ་རྒྱས་ཆེན་པོ་བཏང་སྟེ་གཡུར་དུ་ཟ་བའི་གྲུབ་འབྲས་བླངས། ལོ་བཅུའི་རིང་ལ། རྒྱུད་གཅིག་ལམ་གཅིག་མཉམ་ལས་དེ་ཨེ་ཤ་ཡ་དང་ཡོ་རོབ་སྐམ་ས་ནས་ཨ་ཧྥེ་རི་ཁ་དང་ལ་ཏེན་མེ་གླིང་དུ་མཆེད་ལ། རྒྱལ་ཁབ་བརྒྱ་དང་ལྔ་བཅུ་དང་རྒྱལ་སྤྱིའི་རྩ་འཛུགས་སུམ་ཅུའི་བར་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་ཡིག་ཆ་བཀོད་པ་དང་། དངོས་གཉེར་མཉམ་ལས་ལས་གཞི་སྟོང་ཕྲག་མང་བོ་སྤེལ་ཏེ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པར་མ་ཟད། འཛམ་གླིང་སྦྲེལ་མཐུད་དང་མཛེས་སྡུག་མཉམ་གནས་ཀྱི་རླབས་ཆེན་ཇུས་གཞི་མཉམ་དུ་བྲིས་ཞེས་གསུང་ཡོད།
ཀྲུའུ་ཞི་ཞི་ཅིན་ཕིང་གི་གཙོ་དོན་གསུང་བཤད་ཁྲོད་ནན་གྱིས་བསྟན་དོན། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། ང་ཚོས་འཚོལ་སྙེག་བྱེད་བཞིན་པ་ནི་ཀྲུང་གོ་གཅིག་པུའི་དེང་རབས་ཅན་མིན་པར་རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་བཅས་པའི་རྒྱལ་ཁབ་སོ་སོ་དང་མཉམ་དུ་དེང་རབས་ཅན་མངོན་འགྱུར་བྱེད་རྒྱུར་རེ་བཞིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོས་སྤུས་ཚད་མཐོན་པོས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་འགུལ་སྐྱོད་ཆེན་པོ་བརྒྱད་ལ་རྒྱབ་སྐྱོར་བྱེད་རྒྱུ་ཁྱབ་བསྒྲགས་གནང་བ་དེས་འཛམ་གླིང་ཧྲིལ་བོས་དཔལ་འབྱོར་འགྲན་རྩོད་ལ་མཉམ་དུ་ཁ་གཏད་འཇལ་བ་དང་དར་རྒྱས་འཕེལ་རྒྱས་ཀྱི་མདུན་ལྗོངས་བསྐྲུན་པར་ཡིད་ཆེས་དང་སྟོབས་ཤུགས་བསྩལ།
རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་རྒྱུ་དེ་ཀྲུང་གོ་ནས་འགོ་བརྩམས་པ་དང་། གྲུབ་འབྲས་དང་གོ་སྐབས་འཛམ་གླིང་ལ་དབང་བ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་རྒྱུས་ཀྱི་འགན་འཁྲི་གལ་ཆེན་ཁག་ཁུར་བཟང་བོ་བྱེད་པ་དང་དུས་རབས་ཀྱི་འཕེལ་ཕྱོགས་གསལ་བོར་ཤེས་པར་བྱས་ཏེ་སྔ་འཛིན་ཕྱི་བཏོད་དང་དཔའ་སྐྱེད་མདུན་སྐྱོད་ཀྱིས་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་སྤུས་ཚད་སྔར་ལས་མཐོ་བ་དང་ཆུ་ཚད་སྔར་ལས་མཐོ་བའི་འཕེལ་རྒྱས་གསར་བར་བསུ་བ་བྱས་ཏེ་འཛམ་གླིང་གི་རྒྱལ་ཁབ་སོ་སོས་དེང་རབས་ཅན་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བ་དང་། སྒོ་འབྱེད་བཟོད་སྒོམ་དང་མཉམ་སྦྲེལ་མཉམ་མཐུད། ཐུན་མོང་འཕེལ་རྒྱས་བཅས་ཀྱི་འཛམ་གླིང་ཞིག་འཛུགས་སྐྲུན་བྱེད་པ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ལ་མཉམ་དུ་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་གནང་།
ལྷ་མོ་ཚེ་རིང་གིས་བསྒྱུར།