ཟླ10བའི་ཚེས20ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པར་ཡོང་བའི་སི་རི་ལན་ཁའི་ཙུང་ཐུང་ཝུའེ་ཁི་ལ་མ་ཞིན་ཧ་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་སི་རི་ལན་ཁའི་མི་དམངས་ཀྱིས་ཡུན་རིང་མཛའ་མཐུན་དང་། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། ཕན་ཚུན་རོགས་རེས་དང་མཉམ་འབྲེལ་རང་སྟོབས་བཅས་བྱེད་ཀྱིན་ཡོད། སི་རི་ལན་ཁ་ནི་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོར་དགའ་བསུ་ཞུ་བ་དང་ཞུགས་པ་སྔ་ཤོས་ཀྱི་རྒྱལ་ཁབ་གྲས་ཀྱི་གཅིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་སི་རི་ལན་ཁའི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། སི་རི་ལན་ཁ་ཕྱོགས་དང་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་སྤུས་ཚད་མཐོན་པོས་རྒྱུད་གཅིག་ལམ་གཅིག་མཉམ་དུ་བསྐྲུན་ནས་ཀྲུང་སི་རྒྱལ་ཁབ་གཉིས་ཀྱི་ཟོལ་མེད་རོགས་རེས་དང་། མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བར་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སི་རི་ལན་ཁས་འཐབ་ཇུས་རང་བརྟེན་མཐའ་འཁྱོངས་དང་རྒྱལ་ཁབ་ཀྱི་བདག་དབང་དང་རང་བཙན། མི་རིགས་ཀྱི་ལ་རྒྱ་བཅས་སྲུང་སྐྱོང་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་སི་རི་ལན་ཁའི་སྤུས་ལེགས་ཁྱད་ལྡན་ཐོན་རྫས་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་བ་དང་། ཀྲུང་གོའི་ཁེ་ལས་སི་རི་ལན་ཁར་སོང་ནས་དངུལ་གཏོང་ལས་སྐྲུན་བྱ་རྒྱུར་སྐུལ་མ་གཏོང་བ། སི་རི་ལན་ཁར་དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་དང་རྒྱུན་མཐུད་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་སི་རི་ལན་ཁ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ལ་ཡོངས་བསྒྲགས་དང་ཕྱི་གསལ་ནང་གསལ་གྱི་ཚོང་གཉེར་ཁོར་ཡུག་གཏོད་རྒྱུའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་སི་རི་ལན་ཁ་ཕྱོགས་ལ་མུ་མཐུད་དུ་ཆབ་སྲིད་ཀྱི་ཆ་རྐྱེན་ཟུར་སྣོན་མི་བྱེད་པའི་རོགས་སྐྱོར་བྱས་ནས་སི་རི་ལན་ཁར་སྤྱི་ཚོགས་དང་དམངས་འཚོའི་ཁྱབ་ཁོངས་ལ་འཕྲད་པའི་དཀའ་ངལ་ལ་རོགས་སྐྱོར་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་ཁི་ལོན་པོའི་གྲུ་ཁའི་གྲོང་དང་ཧན་པན་ཐའོ་ཐ་ཕྱོགས་བསྡུས་གསར་སྤེལ་རྣམ་གྲངས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་ཀྲུང་སི་རྒྱལ་ཁབ་གཉིས་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་དུ་སྐྲུན་པའི་ལྟེ་བའི་བཟོ་སྐྲུན་གཏོད་རྒྱུ་དང་། ཀྲུང་གོ་ཕྱོགས་ཀྱིས་སི་རི་ལན་ཁ་ཧིན་རྡུ་རྒྱ་མཚོའི་ཚོང་ལས་ལྟེ་གནས་སུ་འགྱུར་རྒྱུར་རེ་བ་བྱེད་ཀྱིན་ཡོད། ཕྱོགས་གཉིས་ཀྱིས་ད་དུང་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཆབ་སྲིད་ཅན་དུ་འགྱུར་རྒྱུར་ངོ་རྒོལ་དང་། བཟོ་སྐྲུན་དཔུང་ཁག་གི་འགྲན་རྒོལ་ལ་ངོ་རྒོལ། རྒྱལ་ཁབ་གཉིས་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོང་བཅས་བྱེད་དགོས་ཞེས་གསུངས།
ཝུའེ་ཁི་ལ་མ་ཞིན་ཧ་ཡིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པ་གྲུབ་འབྲས་ཐོབ་པའི་ངང་གཉེར་བར་རྟེན་འབྲེལ་ཞུ་རྒྱུ་ཡིན། སི་རི་ལན་ཁ་ཕྱོགས་ཀྱིས་འགོ་ནས་བཟུང་རྒྱུད་གཅིག་ལམ་གཅིག་མཉམ་དུ་བསྐྲུན་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། དེའི་ནང་ཧུར་ཐག་གིས་ཞུགས་ནས་དེའི་མི་མངོན་པའི་སྟོབས་ཤུགས་དང་མདུན་ལམ་ལ་ལྟ་སྟངས་ཡག་པོ་འཛིན་གྱིན་ཡོད། རྒྱུད་གཅིག་ལམ་གཅིག་དང་ལྷག་པར་དུ་དུས་རབས21པའི་མཚོ་ཐོག་དར་གོས་ཚོང་ལམ་མཉམ་དུ་བསྐྲུན་པས་སི་རི་ལན་ཁའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་ཐེབས་ཡོད་ལ། ས་ཁུལ་གྱི་དམིགས་བསལ་ཤུགས་རྐྱེན་ཆེ་རུ་གཏོང་རྒྱུར་ཕན་ཐོགས་ཡོད། སི་རི་ལན་ཁ་ཕྱོགས་ཀྱིས་མ་འོངས་པར་ཀྲུང་གོ་ཕྱོགས་དང་སྔར་ལས་མཉམ་ལས་དམ་ཟབ་བྱས་ནས་ཀྲུང་གོ་འདི་ཉིད་སི་རི་ལན་ཁའི་དེང་རབས་ཅན་མངོན་འགྱུར་བྱེད་པའི་གྲོགས་པོ་གལ་ཆེན་ཞིག་ཏུ་འགྱུར་རྒྱུར་རེ་བ་བྱེད་ཀྱིན་ཡོད་ཅིང་། སི་རི་ལན་ཁ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་དུ་བསྟར་ནས་ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་དཔྱད་གཞིར་འཛིན་རྒྱུར་རེ་བ་བྱེད་ཀྱིན་ཡོད། ཀྲུང་གོའི་ཁེ་ལས་སི་རི་ཡར་དངུལ་གཏོང་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་དང་། དེའི་ཐད་ཚོང་གཉེར་གྱི་ཁོར་ཡུག་བཟང་པོ་བསྐྲུན་འདོད་ཡོད། སི་རི་ལན་ཁ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ས་ཁུལ་གྱི་ལས་དོན་ཁྲོད་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ལ་རྒྱབ་སྐྱོར་བྱེད་འདོད་ཡོད་ཅེས་གསུངས།
ཚའེ་ཆི་དང་ཝང་དབྱིས་མཇལ་འཕྲད་ལ་ཞུགས།
ཤ་བོ་གསེར་མཚོས་བསྒྱུར།