མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་དགུ་པ་ཟི་ལིང་དུ་བསྡུས།
2023.10.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

ཟླ་དགུ་པའི་ཚེས་བཅུ་དགུ་ཉིན་ནས་ཚེས་ཉི་ཤུ་ཉིན་བར། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་དགུ་པ་ཟི་ལིང་དུ་བསྡུས། ཚོགས་ཆེན་གྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། རྒྱལ་ཡོངས་ཀྱི་བསམ་བློ་རིག་གནས་དྲིལ་སྒྲོག་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་བྱས་ལ། ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་བརྒྱད་པའི་ཚུན་གྱི་བྱ་བར་སྤྱི་སྡོམ་ནན་མོ་བྱས་པ་དང་། རྗེས་ཕྱོགས་ཀྱི་ལོ་ལྔའི་རིང་གི་ལས་འགན་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲི་བྱས་ལ། ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་གསར་བའི་འགོ་ཁྲིད་ལས་ཁུངས་བདམས་ཐོན་བྱུང་བ་དང་། མཚོ་སྔོན་གྱི་རྩོམ་རིག་སྒྱུ་རྩལ་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་བ་མ་ཟད། སེམས་ཤུགས་གཅིག་ཏུ་བསྡུས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་འབོད་སྐུལ་བཏང་།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཁོངས་མི། ཀྲུའུ་ཞི་གཞོན་པ། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའིུ་ཡུས་ཧྥིན་གྱིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་གྱི་འགོ་ཁྲིད་ཝང་ཝེ་ཏུང་། ཝང་དབྱང་། དབྱང་ཧྥ་སིན། ཝུའུ་ལ་ཙི་པེ་ཁི.རེ་སུའུ་ལིས་ཧྭན། པད་ཁོ། ཀྲུའུ་ཞང་ཧྥིན། ལོའུ་ཀང་། ཧི་ལུའུ་ཁྲུན། མཱ་ཧྥིན་ཧྲིན་བཅས་གྲོས་ཚོགས་ལ་ཞུགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་གྱིས་མགོ་འཛིན་བྱས་པར་མ་ཟད་གྲོས་ཚོགས་གྲོལ་བའི་མཛད་སྒོའི་སྟེང་གཏམ་བཤད།

ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཚོགས་ཆེན་བསྡུས་པར་རྟེན་འབྲེལ་ཞུས་པ་དང་། ཚོགས་ཞུགས་འཐུས་མི་ཡོངས་དང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་རིག་རྩལ་བྱ་བ་སྒྲུབ་མཁན་རྣམས་ལ་དད་གུས་དང་འཚམས་འདྲི་ཞུས་པར་མ་ཟད། ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་བརྒྱད་པའི་ཚུན་དུ་མཚོ་སྔོན་གྱི་རིག་རྩལ་འཐབ་ཕྱོགས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་བ་དང་། སྤྱི་ཚོགས་རིང་ལུགས་རིག་རྩལ་གྱི་གཞི་རྩའི་ཆོས་ཉིད་འགྲེལ་བཤད་ཟབ་མོ་བྱས་ལ། བསམ་བློ་གསར་བ་དང་ལྟ་བ་གསར་བ། ཆོད་གཏམ་གསར་བ་མང་པོ་བཏོན་ནས། དུས་རབས་གསར་བའི་རིག་རྩལ་ལས་དོན་ཀྱི་རྣམ་པ་གསར་བ་བསྐྲུན་པའི་ཐད་ཁ་ཕྱོགས་གསལ་བོ་བཏོན།

ཁྲིན་ཀང་གིས་ནན་གྱིས་བསྟན་དོན། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ན། རིག་རྩལ་གྱི་ནུས་པ་ནི་ཚབ་བྱེད་ཐབས་མེད་པ་ཞིག་ཡིན་པ་དང་། རིག་རྩལ་བྱ་བ་སྒྲུབ་མཁན་གྱིས་ནུས་པ་གལ་ཆེན་འདོན་ཐུབ། རེ་བ་ཡིན་ན་རྒྱ་ཆེའི་རིག་རྩལ་བྱ་བ་སྒྲུབ་མཁན་གྱིས་ནམ་ཡང་དར་ཆ་མཐོན་པོར་བསྒྲེང་བ་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པས་དུས་རབས་གསར་བའི་རིག་རྩལ་བྱ་བར་གཅིག་གྱུར་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱེད་པ། རང་རྟོགས་སྒོས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དེ་བསམ་པའི་སྣེ་ཁྲིད་དང་རིན་ཐང་གི་འཁོར་ཕྱོགས་དུ་བརྩིས་ནས། རིག་རྩལ་གསར་རྩོམ་གྱི་ལག་ལེན་ཁྲོད་མངོན་པར་བྱེད་པ་དང་། འགུལ་སྐྱོད་དངོས་ཀྱི་སྟེང་དོན་འཁྱོལ་བྱེད་པ། བསམ་བློའི་དར་ཆ་དང་རིག་གནས་ཀྱི་དར་ཆ། སྙིང་སྟོབས་ཀྱི་དར་ཆ་མཚོ་སྔོན་ས་གཞི་ནས་ལྷབ་ལྷུབ་བསྐྱོད་ཐུབ་པར་བྱེད་དགོས། མཚོ་སྔོན་ས་གཞི་རུ་རྐང་འཛུགས་པ་དང་། མང་ཚོགས་ཀྱིས་བལྟ་འདོད་ཅིང་ཉན་སྤྲོ་བའི་སྤུས་ལེགས་བརྩམས་ཆོས་སྔར་ལས་མང་པོ་གསར་རྩོམ་བྱེད་པ། མཚོ་སྔོན་གྱི་རིག་རྩལ་དར་སྤེལ་གཏོང་བ་དང་དུས་རབས་ཀྱི་ཡར་ཐོན་མཚོན་པའི་འཕེལ་ཕྱོགས་གཙོ་བོ་གཅིག་གྱུར་བྱེད་པ། དུས་རབས་གསར་བ་རུ་མི་དམངས་ཀྱི་འདོད་བློ་ཡང་དག་བརྗོད་པ་དང་མི་དམངས་ལ་བསྟོད་གླུ་ལེན་པ། མཚོ་སྔོན་ལ་རྒྱུས་ལོན་ཡོད་པ་དང་མཚོ་སྔོན་ལ་དགའ་ཞེན་བྱེད་པ། མཚོ་སྔོན་དར་སྤེལ་བཏང་སྟེ། རིག་རྩལ་བརྩམས་ཆོས་དེ་མཐོ་སྒང་ནས་མཐོ་སར་འགྲོ་བར་སྐུལ་འདེད་གཏོང་དགོས། དུས་རབས་ཀྱི་འབོད་ཚིག་སྒྲོག་པ་དང་། མཐོ་ས་གསར་སྐྲུན་དང་མཐོ་གནས་འཛུགས་སྐྲུན་བྱེད་པའི་རྒྱུད་རིམ་ཟིན་བྲིས་འདེབས་པ། སྐྱེ་ཁམས་གཙོར་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ཚུལ་སྒྱུར་གཏམ་རྒྱུད་བཟང་བོ་བཤད་པ། གྲོང་གསེབ་དར་སྤེལ་དང་མཉམ་དུ་ཕྱུག་བསྒྱུར་བྱེད་པའི་འབད་འཐབ་གཏམ་རྒྱུད་བཤད་པ། མཐུན་སྒྲིལ་མཛའ་མཐུན་དང་ཁྱིམ་གཞི་གཅིག་ལྟ་བུའི་ཡར་ཐོན་གཏམ་རྒྱུད་བཤད་དེ། དུས་རབས་གསར་བའི་བསྐྱོད་ལམ་གསར་བའི་སྟེང་མཚོ་སྔོན་གྱི་འབད་འཐབ་རྣམ་པ་དང་བཅོས་བསྒྱུར་གྱི་རྣམ་པ། འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་པར་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གསར་སྐྲུན་རང་བཞིན་ལྡན་པའི་སྒོ་ནས་བྱ་བ་སྤེལ་བར་རྒྱབ་སྐྱོར་བྱེད་པ་དང་། རིམ་པ་སོ་སོའི་རྩོམ་རིག་སྒྱུ་རྩལ་རྩ་འཛུགས་ཀྱིས་རིག་རྩལ་བྱ་བ་སྒྲུབ་མཁན་དག་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་གཅིག་བསྡུ་བྱས་ནས། ལྷག་བསམ་རྣམ་དག་གིས་སེམས་ཁུར་དང་གཟིགས་སྐྱོང་བྱས་ཏེ། བདེ་ཐང་སྐྱོན་བྲལ་གྱི་རིག་རྩལ་སྐྱེ་ཁམས་གྲུབ་པར་སྐུལ་འདེད་གཏོང་དགོས།

ཡུས་ཧྥིན་གྱིས་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་བྱས་ནས་ཚོགས་ཆེན་བསྡུས་པར་རྟེན་འབྲེལ་ཞུས་པ་དང་། རང་ཞིང་གི་རིག་གནས་འཛུགས་སྐྲུན་དང་རིག་རྩལ་བྱ་བར་ཁས་ལེན་གང་ལེགས་བྱས། ཁོས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དང་ལྷག་པར་དུ་རིག་རྩལ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ། ཏང་གི་མངག་བཅོལ་དང་མི་དམངས་ཀྱི་རེ་སྒུག་ཡིད་ལ་དམ་པོར་འཛིན་པ། ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱེད་པ། རིག་གནས་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ནས། དུས་རབས་གསར་བའི་རིག་རྩལ་དང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་བྱ་བའི་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས། རེ་བ་ཡིན་ན་མཚོ་སྔོན་གྱི་རྒྱ་ཆེའི་རིག་རྩལ་བྱ་བ་སྒྲུབ་མཁན་ཚོས་རང་རྟོགས་སྒོས་རིག་གནས་འགན་འཁྲི་གསར་བ་ཕྲག་ཏུ་ལེན་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་སེམས་ཤུགས་གཅིག་སྒྲིལ་དང་བླ་སྲོག་བསྐྲུན་དགོས། མི་དམངས་དཀྱིལ་སྙིང་དུ་བྱས་པའི་གསར་རྩོམ་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཕུལ་དུ་བྱུང་བའི་རིག་རྩལ་བརྩམས་ཆོས་སྔར་ལས་མང་པོ་གསར་རྩོམ་བྱེད་དགོས། དྲང་སྲུང་གསར་གཏོད་རྒྱུན་འཁྱོངས་བྱས་ནས། མཚོ་སྔོན་གྱི་རིག་རྩལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་དགོས། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་དུས་རབས་གསར་བའི་བསྐྱོད་ལམ་གསར་བའི་རིག་རྩལ་བྱ་བ་དང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁྲི་འདུ་ཤེས་དང་ལོ་རྒྱུས་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། རྩ་འཛུགས་ཀྱི་དགེ་མཚན་དང་ཆེད་ལས་ཀྱི་དགེ་མཚན་དེ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་སྒུལ་ཤུགས་ཆེན་པོར་བསྒྱུར་བ། རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་རྩ་འཛུགས་གསོནཤུགས་དང་ནང་ཕྱོགས་ནུས་ཤུགས། འགུག་ཤུགས་དང་ལས་རིགས་ཀྱི་ཤན་ཤུགས་རྒྱུན་མ་ཆད་པར་ཇེ་ཆེར་བཏང་སྟེ། རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དེ་དྲོད་ལྡན་འཆམ་མཐུན་གྱི་རིག་རྩལ་པའི་ཁྱིམ་ཚང་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས།

ཝང་ཏ་ནན་གྱིས་གྲོས་ཚོགས་གྲོལ་བའི་མཛད་སྒོའི་སྟེང་བསྟན་དོན། རྒྱ་ཆེའི་རིག་རྩལ་བྱ་བ་སྒྲུབ་མཁན་གྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་རྒྱུས་ལོན་བྱེད་པ་དང་། དུས་རབས་གསར་བའི་རིག་རྩལ་བྱ་བ་བཟང་བོར་བསྒྲུབ་པའི་འགན་འཁྲི་འདུ་ཤེས་དང་ལོ་རྒྱུས་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། རིག་རྩལ་བྱ་བའི་གོ་གནས་གལ་ཆེན་གྱི་ནུས་པ་དང་འགན་འཁྲི་ལས་འགན། ངོ་བོ་དང་རིན་ཐང་གཞི་འཛིན་ས་བཅས་གོ་བ་ཟབ་མོ་ལེན་པ། རིག་རྩལ་དཔུང་སྡེ་འཛུགས་སྐྲུན་ཐད་ཀྱི་རེ་བ་གལ་ཆེན་ཁོང་དུ་ཆུད་པར་བྱེད་པ་མ་ཟད། དེ་མཚོ་སྔོན་གྱི་རིག་རྩལ་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་སྒུལ་ཤུགས་ཆེན་པོ་ར་བསྒྱུར་དགོས། རིག་གནས་ཀྱི་འགན་འཁྲི་གསར་བ་ཕྲག་ཏུ་ལེན་པ་དང་། མཚོ་སྔོན་འཛུགས་སྐྲུན་གྱི་དུས་རབས་ཀྱི་པར་རིས་འབྲི་བ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པ། རབ་མཛེས་མཚོ་སྔོན་གྱི་ཁྱད་འཕགས་འགུག་ཤུགས་འགྲེམ་སྟོན་བྱས་ཏེ། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་བསམ་པའི་སྟོབས་ཤུགས་གཅིག་ཏུ་བསྡུ་ཆེད་ཉིང་བཅུད་མང་པོ་འདོན་སྤྲོད་བྱེད་དགོས། གསར་གཏོད་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱེད་པ་དང་། རིག་གནས་རང་རྟོན་ཇེ་བརྟན་དུ་གཏོང་བ། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་གསར་རྩོམ་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། དུས་རབས་ལ་ངོ་གནོང་མི་དགོས་པའི་ཕུལ་བྱུང་བརྩམས་ཆོས་གསར་རྩོམ་བྱས་ནས། རིག་རྩལ་གྱི་མཐོ་ས་གསར་བ་སྐྲུན་དགོས། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། སྒྱུ་རྩལ་གྱི་ཕུགས་འདུན་བརྟན་སྲུང་བྱེད་པ། དཔྱད་བརྗོད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པ། སྟོབས་ལྡན་གྱི་དཔུང་སྡེ་འཛུགས་སྐྲུན་བྱས་ཏེ། མཚོ་སྔོན་གྱི་རིག་རྩལ་ལས་དོན་ཐད་ནས་རྣམ་པ་གསར་བ་བསྐྲུན་པར་སྐུལ་འདེད་གཏོང་ད་གོས།

མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོས་ཀྱི་འགན་ཁུར་བློ་མཐུན་གྱིས་ཚོགས་ཆེན་ལ་ཤིས་ཚིག་ཕུལ། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་འགན་ཁུར་བློ་མཐུན་གྱིས་མི་དམངས་ཚོགས་པའི་ཚབ་བྱས་ནས་ཚོགས་ཆེན་ལ་ཤིས་ཚིག་ཕུལ། ཚོགས་ཐོག་ཏུ་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་སྐབས་བརྒྱད་པའི་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྲིག་ཡིག་བཟོ་བཅོས་བྱས།