རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ་བཅུ་བའི་ཚེས་ཉི་ཤུ་ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆད་གཅོད་ལས་དོན་སྐོར་ཞིག་མེད་པར་གཏོང་བའམ་ལེགས་སྒྲིག་བྱེད་པའི་སྐོར་གྱི་ཆོད་དོན་དང་མི་ལུས་དབང་བོ་ཞལ་འདེབས་འབུལ་བ་དང་གཞན་ལ་སྤོར་བའི་སྲོལ་ཡིག་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།
གྲོས་ཚོགས་ནས་བསྟན་དོན། ཆད་གཅོད་ལས་དོན་དང་ཆད་གཅོད་ཚད་གཞི་ནན་ཏན་གྱིས་ཚད་ལྡན་དུ་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་དང་ཚོང་གཉེར་མ་རྩ་ཇེ་དམའ་རུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད། བསྟུད་མར་ཆད་དོན་ནང་དོན་ཇེ་ཉུང་དུ་གཏོང་བ་དང་། ཁྲིམས་བཅད་དབང་ཆར་འགལ་བ་དང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་དགོས་མཁོ་དང་མི་འཚམ་པ། བྱེད་ཐབས་གཞན་པ་སྤྱད་ནས་ཚད་ལྡན་དོ་དམ་བྱེད་ཆོག་པའི་ཆད་གཅོད་ལས་དོན་དག་ཇེ་ཉུང་དུ་གཏོང་ཅི་ཐུབ་བྱེད་དགོས། ཤུགས་ཆེན་པོས་གནད་དོན་བྱུང་རྗེས་ཀྱི་ལྟ་རྟོག་དོ་དམ་ལ་ཤུགས་སྣོན་བྱས་ཤིང་། ལྟ་རྟོག་དོ་དམ་བྱེད་ཐབས་འཐུས་ཚང་དུ་གཏོང་བ། ལྟ་རྟོག་དོ་དམ་གྱི་ལས་རིམ་ཚད་ལྡན་དུ་གཏོང་བ། ལྟ་རྟོག་དོ་དམ་བྱེད་ནུས་མཐོར་འདེགས་བཏང་སྟེ། ཟོལ་མེད་ཀྱིས་བདེ་འཇགས་ཐོན་སྐྱེད་དང་ཚེ་སྲོག་བདེ་ཐང་། ཐོན་རྫས་སྤུས་ཚད་སོགས་ཁྱབ་ཁོངས་གཙོ་བོའི་ལྟ་རྟོག་དོ་དམ་བྱ་བར་ཤུགས་སྣོན་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཞོགས་འདེགས་གང་ལེགས་བྱེད་དགོས། གྲོས་ཚོགས་ནས་གྲོས་ཞིབ་བྱས་པ་ལྟར། ཐེངས་འདིར་སྲིད་འཛིན་ཁྲིམས་སྲོལ་དང་སྡེ་ཁག་གི་སྒྲིག་ལམ་སྐོར་ཞིག་གི་ཆད་གཅོད་ནང་དོན་སོ་གསུམ་མེད་པར་གཏོང་བའམ་ལེགས་སྒྲིག་བྱེད་རྒྱུ་རེད།
གྲོས་ཚོགས་ནས་ནན་གྱིས་བསྟན་དོན། མི་ལུས་ཀྱི་དབང་བོ་ཞལ་འདེབས་སུ་འབུལ་བ་དང་གཞན་ལ་སྤོར་བ་ནི་མི་ཡུལ་གྱི་བརྩེ་བ་ཆེ་བའི་དགེ་བའི་བྱ་སྤྱོད་ཅིག་ཡིན་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་ལ་འབྲེལ་བ་ཡོད་ལ། ཚེ་སྲོག་གི་གུས་ལུགས་དང་སྤྱི་ཚོགས་འདྲ་མཉམ་ལ་འབྲེལ་བ་ཡོད་པར་མ་ཟད། རྒྱལ་ཁབ་ཀྱི་གསོ་རིག་འཕེལ་རྒྱས་དང་སྤྱི་ཚོགས་དཔལ་ཡོན་གོང་འཕེལ་གྱི་མཚོན་རྟགས་གལ་ཆེན་ཞིག་ཡིན། མི་དམངས་བླ་རུ་བཀུར་བ་དང་ཚེ་སྲོག་བླ་རུ་བཀུར་བ་རྒྱུན་འཁྱོངས་བྱས་ཤིང་། སྔར་ལས་ལྷག་པའི་སྒོ་ནས་མི་ལུས་ཀྱི་དབང་བོ་ཞལ་འདེབས་སུ་འབུལ་བ་དང་གཞན་ལ་སྤོར་བའི་བྱ་བ་ཚད་ལྡན་དུ་གཏོང་བ་དང་། སྨན་བཅོས་སྤུས་ཚད་ལ་ཁག་ཐེག་བྱེད་པ། མི་ལུས་བདེ་ཐང་ལ་འགན་སྲུང་བྱེད་པ། སྤྱི་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱས་ཏེ། སྲོལ་ཡིག་དེ་བཟོ་བཅོས་བྱེད་པ་གོ་སྐབས་སུ་བྱས་ནས་ཁྲིམས་སྐྱོང་འགན་སྲུང་ཇེ་དྲག་ཏུ་གཏོང་བ་དང་། བརྒྱུད་རིམ་ཧྲིལ་བོའི་རྗེས་འདེད་དང་ལྟ་རྟོག་དོ་དམ་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། མི་ལུས་དབང་བོ་ཞལ་འདེབས་སུ་འབུལ་བའི་བྱ་བའི་མ་ལག་འཛུགས་པར་ཤུགས་སྣོན་པ་དང་། མི་ལུས་དབང་བོ་ཐོབ་པར་བྱེད་པའི་གུས་ལུགས་ཞིབ་བཤེར་ལ་ཤུགས་སྣོན་བྱས་ནས། ཁྲིམས་ལྟར་མི་ལུས་དབང་བོར་འབྲེལ་བའི་ཁྲིམས་འགལ་ནག་ཉེས་བྱ་སྤྱོད་ལ་རྩད་གཅོད་དང་ཆམ་ཕབ་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་མི་ལུས་དབང་བོ་ཞལ་འདེབས་སུ་འབུལ་བ་དང་གཞན་ལ་སྤོར་བའི་བྱ་བ་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བར་འགན་སྲུང་བྱེད་དགོས་པར་བསྟན།
བསོད་ནམས་ཚེ་རིང་གིས་བསྒྱུར།