ཞི་ཅིན་ཕིང་གིས་ཡའོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཝུའུ་ཝུན་ཧྲང་ལ་མཇལ་འཕྲད་གནང་།
2023.10.21 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 19

ཟླ10བའི་ཚེས20ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པར་ཡོང་བའི་ཡའོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཝུའུ་ཝུན་ཧྲང་ལ་མཇལ་འཕྲད་གནང་། 

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཡའོ་ནན་རྒྱལ་ཁབ་གཉིས་ཀྱིས་རང་སོ་སོའི་མི་རིགས་བཅིངས་འགྲོལ་བརྩོན་ལེན་བྱེད་པའི་བྱ་གཞག་ཁྲོད་ཕན་ཚུན་རྒྱབ་སྐྱོར་བྱས་ནས་བློ་མཐུན་དང་སྤུན་ཟླའི་མཛའ་གྲོགས་ཟབ་མོ་ཆགས་ཡོད། ཀྲུང་གོ་དང་ཡའོ་ནན་རྒྱལ་ཁབ་གཉིས་ཀྱིས་རང་སོ་སོའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། ཚང་མས་ཀྲུང་གོ་དང་ཡའོ་ནན་གྱི་འབྲེལ་བ་དེ་རང་སོ་སོའི་ཕྱི་ཕྱོགས་སྲིད་ཇུས་ཀྱི་སྔོན་ལ་འཇོག་པའི་ཁ་ཕྱོགས་སུ་བརྩི་བཞིན་ཡོད་ལ། ཕ་རོལ་པོའི་འཕེལ་རྒྱས་དེ་རང་ངོས་འཕེལ་རྒྱས་ཀྱི་གོ་སྐབས་སུ་བརྩི་བཞིན་ཡོད། འགྱུར་ལྡོག་ཆེ་བའི་རྒྱལ་སྤྱིའི་དུས་བབ་དང་དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེ་བའི་རྒྱལ་ནང་འཕེལ་རྒྱས་ཀྱི་ལས་འགན་མདུན་དུ་རྒྱལ་ཁབ་གཉིས་ཀྱིས་སྲོལ་རྒྱུན་མཛའ་གྲོགས་ཀྱི་ཐོག་མའི་བསམ་འདུན་མ་བརྗེད་པར་ཐུན་མོང་གི་ཕུགས་བསམ་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་ལག་གདང་སྦྲེལ་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་ཡག་པོ་སྐྱོད་པ་དང་། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔ་ཕྱི་བར་གསུམ་དུ་གཉིས་ཕན་མཉམ་རྒྱལ་དང་ལག་གདང་སྦྲེལ་ནས་འཕེལ་རྒྱས་སུ་གཏོང་བའི་མྱུར་བགྲོད་ལམ་བུའི་ཐོག་སྐྱོད་རྒྱུར་འགན་སྲུང་བྱེད་དགོས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཡའོ་ནན་གཉིས་ཀྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱེད་པ་དང་། ཕྱོགས་གཉིས་ཀྱིས་འཐབ་ཇུས་འབྲེལ་གཏུག་རྒྱུན་འཁྱོངས་དང་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་བཟུང་སྟེ་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་རྒྱལ་ཁབ་དར་རྒྱས་གཏོང་བའི་ཐབས་ཇུས་དང་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་ལམ་བུར་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་ཀྱིས་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་ས་འབྲེལ་འདྲ་མཚུངས་དང་ཐོན་ལས་གསབ་རེས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་འགོ་དང་བར་ཁྱམས་གཉིས་དང་སྐོར་བ་གཅིག་གི་སྦྲེལ་མཐུད་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ། དྲ་སྦྲེལ་འབྲེལ་མཐུད་སོགས་ཀྱི་འཐབ་ཇུས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གཙོ་གནད་ཐོག་སྐུལ་འདེད་གཏོང་བ། དྲ་ཐོག་ཚོང་དོན་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཀྲུང་གོ་ཕྱོགས་ཀྱིས་ཡའོ་ནན་གྱི་སྤུས་ལེགས་ཐོན་རྫས་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་འདོད་ཡོད། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་དམངས་ཁྲོད་དང་ས་གནས། ལྷག་པར་དུ་ན་གཞོན་མི་རབས་ཀྱི་མཛའ་མཐུན་འབྲེལ་བ་མུ་མཐུད་དུ་ཇེ་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་མཐུན་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པར་བྱེད་དགོས། 

ཝུའུ་ཝུན་ཧྲང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པ་གྲུབ་འབྲས་ཐོབ་པའི་ངང་གཉེར་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་རྒྱུ་ཡིན། རྒྱལ་ཁབ་བརྒྱ་དང་ལྔ་བཅུ་ལྷག་ཙམ་གྱི་འཐུས་མི་གླེང་སྟེགས་ནང་ཞུགས་པ་དེ་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོར་ཁས་ལེན་དང་རྒྱབ་སྐྱོར་གང་ལེགས་གནང་བ་མཚོན་ཡོད། ལོ་བཅུ་ཡི་འཕེལ་རྒྱས་བརྒྱུད་རྒྱུད་གཅིག་ལམ་གཅིག་དེ་སྒོ་འབྱེད་དཀྱེད་ཡངས་དང་སྤུས་ཚད་མཐོ་བའི་རྒྱལ་སྤྱིའི་མཉམ་ལས་ཀྱི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ནས་རྒྱལ་ཁབ་ཁག་གི་འཕེལ་རྒྱས་དང་མི་དམངས་ཀྱི་མཛའ་མཐུན་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད།  ཀྲུའུ་ཞི་ཞི་ཅིན་ཕིང་གིས་གླེང་སྟེགས་ཀྱི་འགོ་ཅྩོམ་མཛད་སྒོའི་སྟེང་གནང་བའི་གསུང་བཤད་དེ་གཟིགས་རྒྱང་རིང་ལ། འཐབ་ཇུས་ཀྱི་ཇུས་འགོད་དང་ཞིབ་ཕྲའི་བྱེད་ཐབས་ཀྱང་ཡོད་པས། ཀྲུང་གོའི་ཏང་ཆེན་པོ་དང་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་སེམས་མངོན་པ་དང་། མ་འོངས་པའི་རྒྱལ་སྤྱིའི་མཉམ་ལས་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་རྒྱུར་ཤུགས་རྐྱེན་གལ་ཆེན་ཐེབས་ངེས། ཡའོ་ནན་གྱིས་ཀྲུང་གོ་གུང་ཁྲན་ཏང་གིས་རིགས་པའི་གཞུང་ལུགས་དང་ལག་ལེན་གསར་གཏོད་ཐད་ཐོབ་པའི་གྲུབ་འབྲས་ཆེན་པོར་ཡིད་སྨོན་བྱེད་ཀྱིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་དགོངས་པ་དེར་ཡའོ་ནན་གྱི་ཏང་དང་སྲིད་གཞུང་ལ་བློ་སྒོ་འབྱེད་པའི་དོན་སྙིང་ལྡན། ཡའོ་ནན་གྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་འཕེལ་རྒྱས་དེ་གོ་སྐབས་སུ་བརྩིས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོ་མུ་མཐུད་དུ་འཕེལ་རྒྱས་སྟོབས་ཆེར་འགྲོ་རྒྱུར་རྒྱབ་སྐྱོར་བྱས་ཏེ་རྒྱལ་ཁབ་སྟོབས་ཆེན་གྱི་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་ཡོང་བ་དང་། ཀྲུང་གོས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་རྒྱུའི་ཡིད་ཆེས་ཡོད།  ཡའོ་ནན་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་དུ་བསྟར་ནས་ཀྲུང་གོ་ཕྱོགས་དང་མཐོ་རིམ་གྱི་འཐབ་ཇུས་འབྲེལ་གཏུག་དམ་ཟབ་བྱེད་པ་དང་། ཡའོ་ནན་དང་ཀྲུང་གོའི་བར་གྱི་འབྲེལ་བའི་ངེས་གནས་མཐོ་རུ་བཏང་སྟེ་དུས་བབ་གསར་པའི་འོག་གི་ཡའོ་ནན་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་འདོད་ཡོད་ཅེས་གསུངས། 

ཚའེ་ཆི་དང་ཝང་དབྱིས་མཇལ་འཕྲད་ལ་ཞུགས། 

ཤ་བོ་གསེར་མཚོས་བསྒྱུར།