ཀྲའོ་ལི་ཅི་ཡིས་པཱ་ཞིའི་དམངས་གྲོས་ཁང་གི་གྲོས་དཔོན་ལི་ལཱ་དང་གྲོས་མོལ་མཛད།
2023.10.21 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 52

ཟླ་བཅུ་བའི་ཚེས་ཉི་ཤུ་ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་པཱ་ཞིའི་དམངས་གྲོས་ཁང་གི་གྲོས་དཔོན་ལི་ལཱ་དང་གྲོས་མོལ་མཛད།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས་ཉི་ཤུ་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་པཱ་ཞིའི་དམངས་གྲོས་ཁང་གི་གྲོས་དཔོན་ལི་ལཱ་དང་གྲོས་མོལ་མཛད།

ཀྲའོ་ལི་ཅི་ཡིས་གསུང་དོན། ད་ལོའི་ཟླ་བཞི་བར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཚམས་འདྲིར་ཡོང་བའི་ཙུང་ཐུང་ལུའུ་ལཱ་དང་ཕན་འབྲས་ལྡན་པའི་གྲོས་མོལ་བྱས་ཏེ། དུས་རབས་གསར་བའི་ཀྲུང་གོ་དང་པཱ་ཞིའི་འབྲེལ་བའི་མཛེས་སྡུག་གི་མ་འོངས་པ་གསར་འབྱེད་བྱེད་པར་ཁ་ཕྱོགས་གསལ་བོར་བསྟན་ཡོད། ཀྲུང་གོ་དང་པཱ་ཞི་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོ་ཡིན་ལ། ཐུན་མོང་གི་ཁེ་ཕན་རྒྱ་ཆེན་པོ་ཡོད། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་སེམས་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ནས་ཕན་ཚུན་རྒྱུས་ལོན་དང་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་ནས། རྒྱལ་ཁབ་འཕེལ་རྒྱས་དང་མི་རིགས་དར་སྤེལ་གྱི་བགྲོད་ལམ་སྟེང་ལག་རྡང་སྦྲེལ་ནས་མཉམ་བསྐྱོད་བྱས་ཏེ་ཕན་འབྲས་ཐོན་པར་སྐུལ་མ་གཏོང་བཞིན་ཡོད་ལ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་མོའི་མཐུན་སྒྲིལ་མཉམ་ལས་དང་ཐུན་མོང་འཕེལ་རྒྱས་ཀྱི་དཔེ་སྟོན་ལྟ་བུར་གྱུར་ཡོད། ད་ལོ་ནི་ཀྲུང་གོ་དང་པཱ་ཞིའི་བར་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་ངོ་སུམ་ཅུ་འགོར་བའི་ལོ་ཡིན་པ་དང་། སང་ལོ་ནི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་ལྔ་བཅུ་འགོར་བའི་ལོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་པཱ་ཞི་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་བཀོད་པའི་ཐུན་མོང་ལྟ་ཚུལ་དངོས་འབེབས་དང་འཐབ་ཇུས་འབྲེལ་འདྲིས་སྲུང་འཛིན་བྱེད་པ། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཀྲུང་གོ་དང་པཱ་ཞིའི་འབྲེལ་བ་སྔར་ལས་ཆུ་ཚད་གསར་བ་ཞིག་ཏུ་འཕེལ་རྒྱས་སུ་སོང་ནས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་མང་བའི་ཕན་བདེ་བསྐྲུན་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ཀྲའོ་ལི་ཅི་ཡིས་བསྟན་དོན། ཁྲིམས་འཛུགས་ལས་ཁུངས་ཀྱི་འགྲོ་འོང་ནི་ཀྲུང་གོ་དང་པཱ་ཞིའི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ལུའུ་ལཱ་ཡིས་གྲོས་མོལ་མཛད་སྐབས་བཀོད་པའི་ཐུན་མོང་གི་ལྟ་ཚུལ་གལ་ཆེན་ནི་རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་དུས་རྒྱུན་དུ་འབྲེལ་འདྲིས་བྱེད་པ་སྲུང་འཛིན་བྱས་ནས། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ལ་ཞབས་འདེགས་ཞུ་བར་སྐུལ་འདེད་གཏོང་བ་དེ་ཡིན། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་པཱ་ཞིའི་དམངས་གྲོས་ཁང་དང་གྲོས་ཁང་དང་མཉམ་དུ་འབད་བརྩོན་བྱས་ཏེ། བརྗེ་རེས་ནང་རྐྱེན་དང་ཆེད་དོན་ཨུ་ཡོན་ལྷན་ཁང་། ཕྱོགས་གཉིས་ཀྱི་མཛའ་མཐུན་ཚན་ཆུང་སོགས་ཀྱི་སྟེགས་བུའི་ནུས་པ་འདོན་སྤེལ་བྱེད་པ་དང་། རིམ་པ་མང་བོ་དང་ཁྱབ་ཁོངས་མང་བོའི་བརྗེ་རེས་མཉམ་ལས་ཇེ་ཟབ་ཏུ་བཏང་སྟེ། ཀྲུང་གོ་དང་པཱ་ཞིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་གསར་བ་འཇོག་འདོད་ཡོད་ཅེས་གསུངས།

ཀྲའོ་ལི་ཅི་ཡིས་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་དང་རྒྱལ་ཡོངས་དམངས་ཆེན་གྱི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། ཕྱོགས་གཉིས་ཀྱིས་དམངས་གཙོ་འཕེལ་རྒྱས་སུ་གཏོང་བ་དང་ཁྲིམས་སྐྱོང་འཐུས་ཚང་དུ་གཏོང་བ་སོགས་ཀྱི་ཐད་ནས་བརྗེ་རེས་དང་དཔེར་ལེན་ལ་ཤུགས་སྣོན་དགོས་པའི་ཚུལ་བསྟན།


བསོད་ནམས་ཚེ་རིང་གིས་བསྒྱུར།