ཝུའུ་ཞའོ་ཅུན་གྱིས་ཡུས་ཧྲུའུ་ཁུལ་དུ་སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་སྤེལ་བའི་གནས་ཚུལ་ལ་རྟོག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་བྱས།
ཟླ10བའི་ཚེས་21ཉིན། ཧྲིན་ཀྲང་། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་དང་པོ་ཝུའུ་ཞའོ་ཅུན་གྱིས་བརྗོད་དོན་སློབ་གསོའི་འབྲེལ་གཏུག་ས་ཚིགས་ཏེ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོར་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་རྟོག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྗོད་དོན་སློབ་གསོའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལག་བསྟར་གཏིང་ཟབ་བྱས་ནས་དོན་དངོས་ཀྱི་བླང་བྱ་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱེད་དགོས། “དགོངས་པ་སློབ། ཏང་གཤིས་བསྐྱེད། ལག་བསྟར་འཛིན། བྱས་རྗེས་འཇོག”ཅེས་པའི་སྤྱིའི་བླང་བྱར་དམ་པོར་དམིགས་པ་དང་། ལག་ལེན་གྱི་གཞི་རྟེན་བཞི་དམ་འཛིན་ཏན་ཏིག་བྱེད་པ། ལས་བྱེད་པས་བྱ་བ་བསྒྲུབ་པ་དང་ཀླད་པ་གསལ་བ། སྒྲིག་ཁྲིམས་དམ་པ་བཅས་ཀྱི་བྱ་བའི་བླང་བྱ་དོན་འཁྱོལ་བྱེད་པ་བཅས་བྱས་ནས་བརྗོད་དོན་སློབ་གསོར་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས། ཡུས་ཧྲུའུ་གྲོང་ཁྱེར་དཔལ་ཐང་ཡུལ་ཚོ་དང་ཤེལ་དཀར་ཁྲོམ་གཞུང་བཀྲ་ཤིས་དར་ཐང་སྡེ་བའི་ཞིང་ཕྱུགས་ཐོན་རྫས་ཕྱོགས་བསྡུས་ཉོ་ཚོང་ཁྲོམ་ར་རུ་ཝུའུ་ཞའོ་ཅུན་གྱིས་གཞི་རིམ་གྱི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་བཅས་དང་བསམ་ཚུལ་བརྗེ་རེས་བྱས་ནས་གཞི་རིམ་ཏང་འཛུགས་སྐྲུན་དང་། ཐོན་ལས་འཕེལ་རྒྱས། མང་ཚོགས་ཀྱི་ཡོང་འབབ། དམངས་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས། ཁོས་བཤད་རྒྱུར། སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་དང་མང་ཚོགས་བར་གྱི་འབྲེལ་བ་སྔར་ལས་ཐད་ཀར་དང་སྔར་ལས་དམ་ཟབ་ཏུ་གཏོང་བར་གཞི་རིམ་གྱི་རྨང་གཞི་སྲ་བརྟན་དུ་གཏོང་རྒྱུར་ཤུགས་སྣོན་བརྒྱག་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་མང་ཚོགས་ཀྱི་བྲེལ་དཀའ་འཕྲལ་སྒུག་གི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ནས་དམངས་ཕན་གྱི་བྱ་བ་དངོས་དང་ཁེ་ཕན་དངོས་ཡག་པོ་སྒྲུབ་དགོས། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ཞིང་ལས་མཉམ་འབྲེལ་གྱིས་ཞིང་ལས་ལ་སྣེ་ཁྲིད་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། མང་ཚོགས་ཀྱི་ཡོང་འབབ་འཕར་བ་དང་ཕྱུག་འགྱུར་ཡོང་རྒྱུར་རྒྱུན་མཐུད་སྣེ་ཁྲིད་བྱེད་པ། མཉམ་དུ་ཕྱུག་པོར་འགྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། གྲོང་གསེབ་འཛུགས་སྐྲུན་དང་གྲོང་གསེབ་བཅོས་སྐྱོང་དམ་འཛིན་ཡག་པོ་བྱས་ནས་སྡོད་རྒྱུར་འཚམ་པའི་ལས་རིགས་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་དགོས།
རྗེས་སུ་བསྡུས་པའི་བཞུགས་མོལ་ཚོགས་འདུའི་སྟེང་ཝུའུ་ཞའོ་ཅུན་གྱིས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་དང་། ཡུས་ཧྲུའུ་གྲོང་ཁྱེར་ཏང་ཨུ། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་དྲུག་པའི་བྱ་བའི་སྙན་ཞུར་གསན་པ་དང་། བླངས་པའི་ཕན་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་ནན་གྱིས་བསྟན་དོན། རིགས་པའི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། མ་རྩོམ་ཀློག་པ་དང་མ་ཡིག་ལ་སློབ་སྦྱོང་བྱེད་པ། རྩ་བའི་རིགས་པ་སློབ་སྦྱོང་བྱ་རྒྱུ་མཐའ་འཁྱོངས་ཀྱིས་གཞི་རིམ་ཏང་རྩ་འཛུགས་དང་ལྷག་པར་དུ་འབྲོག་ཁུལ་གྱི་ཏང་ཡོན་དང་། གྲངས་ཉུང་མི་རིགས་ཀྱི་ཏང་ཡོན། སྐོར་སྐྱོད་ཏང་ཡོན་བཅས་ཀྱི་སློབ་སྦྱོང་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱས་ནས་སློབ་སྦྱོང་གི་ཕན་འབྲས་དེ་རང་འཁྲིའི་ལས་དོན་ཡག་པོ་སྒྲུབ་པ་དང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་དུ་འགྱུར་བར་བྱེད་དགོས། རིམ་པ་དང་རིགས་བགོས་ནས་མཛུབ་སྟོན་བྱེད་པའི་ཐད་དུ་ཡང་བསྐྱར་གནད་འཁེལ་དང་། དོན་དངོས་དང་ཟུང་འབྲེལ་བྱེད་པ། རིགས་བགོས་ནས་མཛུབ་སྟོན་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་བྱེད་དགོས། འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གཏོད་རྒྱུར་ཤུགས་སྣོན་པ། སྐྱེ་ཁམས་ཕྱུགས་ལས་དང་རིག་གནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུར་མུ་མཐུད་དུ་སྐུལ་འདེད་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོར་སྐུལ་འདེད་གཏོང་བ། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། སྒོ་མོ་ཕྱེ་ནས་སློབ་གསོ་སྤེལ་རྒྱུ་མཐའ་འཁྱོངས་བྱས་ཏེ་མང་ཚོགས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་དུས་རབས་གསར་པའི་མང་ཚོགས་ཀྱི་ལམ་ཕྱོགས་སུ་ཡག་པོ་བསྐྱོད་པ། མང་ཚོགས་ཀྱི་དོ་ཁུར་ལ་དམ་པོར་དམིགས་ནས་རྟོག་ཞིབ་བྱས་ཏེ་མང་ཚོགས་བརྒྱུད་རིམ་ཧྲིལ་པོར་ཞུགས་ཐུབ་པ་དང་། ལྟ་སྐུལ་བྱེད་ཐུབ་པ། གདེང་འཇོག་ཐུབ་པ་བཅས་བྱས་ནས་མང་ཚོགས་ཀྱི་ཐོབ་ཚོར་དང་། སྐྱིད་ཚོར། བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། གཞི་རིམ་གྱི་ཏང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་གང་ཐུབ་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་སྔར་ལས་བཟང་བོ་བྱས་ཏེ་རྒྱ་ཆེའི་ཏང་ཡོན་གྱིས་དངོས་དོན་སྒྲུབ་པ་དང་། ཐབས་ཇུས་དངོས་འདོན་པ། ཕན་འབྲས་དངོས་གཉེར་བ་བཅས་བྱེད་པར་ཁྲིད་སྟོན་བྱ་དགོས། ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། མངོན་གསལ་དོད་པའི་གནད་དོན་ལེགས་སྒྲིག་ནན་ཏན་བྱེད་པ། ཉམས་མྱོང་དང་བྱེད་ཐབས་ཁྱབ་གདལ་གཏོང་བ། དུས་ཐོག་ཏུ་དུས་ཆད་གླེང་མོལ་དང་དྲན་སྐུལ་བྱེད་པ། སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་ཁྱབ་གདལ་གཏོང་བ་བཅས་བྱེད་དགོས་ཟེར།
ཕྱིར་ལོག་པའི་ལམ་བར་དུ་ཝུའུ་ཞའོ་ཅུན་གྱིས་ཟི་ལིང་གནམ་གྲུ་ཐང་གི་དུས་རིམ་གསུམ་པའི་རྒྱ་སྐྱེད་བཟོ་སྐྲུན་ལ་ཡུལ་དངོས་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། བཟོ་སྐྲུན་གྱི་སྤུས་ཚད་འགག་སྒོ་ནན་བསྲུང་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དོན་འཁྱོལ་ནན་ཏན་བྱེད་པ་དང་། རྣམ་གྲངས་དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་བ། དགུན་དུས་ཀྱི་ཨར་ལས་སྒྲིག་འཛུགས་ཡག་པོ་བྱེད་པ། རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ནས་བཟོ་སྐྲུན་སྔ་མོ་ནས་ལེགས་འགྲུབ་ཡོང་བ་དང་ཕན་འབྲས་ཐོན་ཐུབ་པར་བྱེད་དགོས་ཟེར།
ཧི་ལུའུ་ཁྲུན་འབྲེལ་ཡོད་བྱེད་སྒོར་ཞུགས།
ཤ་བོ་གསེར་མཚོས་བསྒྱུར།