རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པས་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པ་བསྡུས།
2023.10.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ་བཅུ་པའི་ཚེས་ཉེར་གཅིག་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པ་བསྡུས་པ་དང་། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཚོགས་འདུར་ཞུགས།

ཨུ་ཡོན་ཀྲང་གཞོན་པ་ལིས་ཧུང་ཀྲུང་གིས་ཚོགས་འདུར་མགོ་འཛིན་བྱས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་བརྒྱ་དང་ང་བརྒྱད་ཚོགས་འདུར་ཞུགས་པ་དང་། ཚོགས་ཞུགས་མི་གྲངས་ཁྲིམས་བཀོད་མི་གྲངས་དང་མཐུན།

ད་ལོའི་ཟླ་དྲུག་པ་ནས་ཟླ་དགུ་པའི་བར་དུ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བརླན་སའི་སྲུང་སྐྱོབ་བཅའ་ཁྲིམས་དང་ཚན་རིག་ལག་རྩལ་ཡར་ཐོན་བཅའ་ཁྲིམས་ལག་བསྟར་བྱས་པའི་གནས་ཚུལ་ཞིབ་བཤེར་བྱས། ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཏེན་ཀྲུང་ལིས་ཀྱིས་ཕུལ་བའི། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛིན་ཞིབ་བཤེར་ཚན་ཁག་གིས་བརླན་སའི་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱས་པའི་སྙན་ཞུར་ཉན། ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཚའེ་ཏཱ་ཧྥུན་གྱིས་ཕུལ་བའི། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛིན་ཞིབ་བཤེར་ཚན་ཁག་གིས་ཚན་རིག་ལག་རྩལ་ཡར་ཐོན་བཅའ་ཁྲིམས་ལག་བསྟར་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུར་ཉན།

བན་དེ་སྐྱབས་ཀྱིས་བསྒྱུར།