ཚའེ་ཆི་ཡིས་ཧྲའན་ཞི་ཉིང་ཧྲན་རྫོང་དུ་རྟོག་ཞིབ་གནང་།
2023.10.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཡིས། ཟླ10པའི་ཚེས21ཉིན་ནས་ཚེས22ཉིན་བར་དུ། ཧྲའན་ཞི་ཉིང་ཧྲན་རྫོང་དུ་རྟོག་ཞིབ་གནང་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་མོར་ཆུད་པར་བྱས་ཏེ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་པ་དང་རིགས་དབྱེ་མཛུབ་སྟོན་ལ་ཤུགས་སྣོན་པ། གོང་འོག་མཉམ་འགུལ་ལ་མཐོང་ཆེན་བྱེད་པ། བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པ་ཏན་ཏིག་ངང་སྤེལ་བ་བཅས་བྱས་ནས། དེ་བསྟུན་གྱི་ཕན་འབྲས་ཆེན་པོ་ཐོན་རྒྱུར་འགན་ལེན་བྱེད་དགོས།

ཚའེ་ཆི་ཡིས་བཞུགས་མོལ་བརྗེ་རེས་བྱེད་སྐབས། བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པ་དེ་རྫོང་རིམ་པར་མཚོན་ནས་བཤད་ན་གཙོ་གནད་ཅིག་ཡིན་པས། དོན་དངོས་དང་ཟུང་འབྲེལ་བྱས་ཏེ། གཙོ་གནད་བྱེད་ཐབས་སོ་སོ་དོན་འཁྱོལ་བྱེད་རྒྱུ་དང་ཕན་འབྲས་ཐོན་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས། གཞུང་ལུགས་སློབ་སྦྱོང་བྱེད་སྐབས་སེམས་ལ་སིམ་པར་བྱེད་པ་དང་བྱ་སྤྱོད་ཀྱི་སྟེང་ནས་མངོན་ཐུབ་པར་བྱས་ནས། གནད་དོན་ལ་དམིགས་ནས་སློབ་སྦྱོང་བྱས་ཏེ། གྲུབ་འབྲས་གསར་བ་ཟམ་མི་ཆད་པར་ཐོབ་པར་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས་མགོ་ཁྲིད་ཀྱི་འགན་འཁྲི་སྔར་ལས་ཇེ་དམ་དུ་གཏོང་བ་དང་། མཛུབ་སྟོན་དང་ལྟ་སྐུལ་ལ་ཤུགས་སྣོན་པ། ཕྱི་ཚུལ་རིང་ལུགས་གཏན་འགོག་བཅས་བྱེད་དགོས། བརྗོད་དོན་སློབ་གསོའི་དྲིལ་སྒྲོག་ཁྲིད་སྟོན་ལ་ཤུགས་བསྣན་ནས། ཁོར་ཡུག་ལེགས་པོ་ཞིག་ངང་གིས་གྲུབ་པར་བྱེད་དགོས། བརྗོད་དོན་སློབ་གསོ་དང་མིག་སྔའི་བྱ་བ་གཙོ་བོའི་ལས་འགན་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཕྱོགས་གཉིས་ཀ་དམ་འཛིན་དང་ཕྱོགས་གཉིས་ཀར་སྐུལ་འདེད་གཏོང་དགོས་ཞེས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།