ཟླ10པའི་ཚེས22ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་བཅུ་བཞི་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཚོགས། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚོགས་འདུར་མགོ་འཛིན་མཛད།
ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཞིན་ཁྲུན་དབྱིན་གྱིས་ཕུལ་བའི། རྒྱ་མཚོའི་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་སྙན་ཞུ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་འཆར་ཟིན་ལ་བཟོ་བཅོས་རྒྱག་རྒྱུའི་བསམ་འཆར་སྐོར་གྱི་སྙན་ཞུ། འབྲེལ་ཡོད་འཆར་ཟིན་གྱི་བཟོ་བཅོས་མ་ཡིག་ལ་གྲོས་ཞིབ་བཅས་བྱས།
ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྔོན་རྩིས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞུས་ཧུང་ཚའེ་ཡིས་ཕུལ་བའི། ས་གནས་སྲིད་གཞུང་གི་བུ་ལོན་གྱི་བཅད་གྲངས་གསར་བ་ཁག་གཅིག་སྔོན་ལ་གཤམ་སྤྲོད་བྱ་རྒྱུར་དབང་ཆ་སྟེར་བའི་སྐོར་གྱི་གྲོས་གཞིར་གྲོས་ཞིབ་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་དབང་སྤྲད་ནས་ས་གནས་སྲིད་གཞུང་གི་བུ་ལོན་གྱི་བཅད་གྲངས་ཁག་གཅིག་སྔོན་ལ་གཤམ་སྤྲོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས་འཆར་ཟིན་ལ་གྲོས་ཞིབ་བྱས།
ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ལིའུ་ཆི་ཡིས་ཕུལ་བའི། བསྐོ་འཐེན་སྐོར་གྱི་གྲོས་གཞིར་གྲོས་ཞིབ་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་སོགས་ལ་ཉན།
ཨུ་ཡོན་ཀྲང་གི་གྲོས་ཚོགས་སྟེང་དུ། གོང་གསལ་གྱི་འཆར་ཟིན་བཟོ་བཅོས་མ་ཡིག་སོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གྲོས་ཐག་བཅད།
བན་དེ་སྐྱབས་ཀྱིས་བསྒྱུར།