ཟླ་བཅུ་པའི་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། མཉམ་འབྲེལ་ཚན་ཆུང་གྲོས་ཚོགས་བསྡུས་པ་དང་། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཚོགས་འདུར་ཞུགས། ཚོགས་ཐོག་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཁྱབ་ཁོངས་ཀྱི་ཉེས་དོན་ལ་རྡུང་རྡེག་གཏོང་བའི་སྐོར་གྱི་གནས་ཚུལ་དང་། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་མི་དམངས་ཁྲིམས་ཁང་གིས་ཁོར་ཡུག་ཐོན་ཁུངས་ཐད་འདྲི་གཅོད་ལས་དོན་སྤེལ་བའི་གནས་ཚུལ། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་མི་དམངས་ཞིབ་དཔྱོད་ཁང་གིས་སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཐད་ཞིབ་དཔྱོད་ལས་དོན་སྤེལ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་གྲོས་ཞིབ་བྱས་པར་མ་ཟད། ཆེད་དོན་འདྲི་རྩད་ཀྱང་བྱས།
རྒྱལ་སྲིད་ཨུ་ཡོན། སྤྱི་བདེ་པུའུ་ཡི་པུའུ་ཀྲང་ཝང་ཞའོ་ཧུང་དང་ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཅུན། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཡུན་ཡུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས་ནས་བསམ་འཆར་ལ་ཉན་པ་དང་དྲི་བར་ལན་བཏབ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཝུའུ་ཅེ་མེན་དང་ཀའོ་ཡུག་ཏུང་། ལུའུ་ཀྲུང་མེ། ཀྲང་ཞོན། ཞན་ཐེ་ཁི། ཝུའུ་ཡན་ཀང་། ཙའུ་ཉིང་སོགས་ཚོགས་ཞུགས་བློ་མཐུན་གྱིས་ཀྱང་འདྲི་རྩད་བྱས། ཨུ་ཡོན་ཀྲང་གཞོན་པ་ལིས་ཧུང་ཀྲུང་གིས་ཚོགས་འདུར་མགོ་འཛིན་བྱས་ཏེ་གཏམ་བཤད།
བན་དེ་སྐྱབས་ཀྱིས་བསྒྱུར།