ཟླ10པའི་ཚེས22ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་སྔ་གཞུག་ཏུ་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན། ཀྲུང་དབྱང་གི་གྲོས་ཚོགས་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་ལག་བསྟར་བྱས་ལ། དུས་ཚིགས་སྔོན་མ་གསུམ་གྱི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་བྱས་པ་དང་། དུས་ཚིགས་བཞི་པའི་དཔལ་འབྱོར་བྱ་བར་དབྱེ་ཞིབ་དང་བཀོད་སྒྲིག་བྱས།
ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་ཞི་ལ་གཟིགས་ཞིབ་མཛད་སྐབས་དང་། མགོ་འཛིན་མཛད་དེ་འབྲི་ཆུའི་དཔལ་འབྱོར་ཁུལ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྡུས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། དྲིལ་སྒྲོག་དང་བསམ་བློ་རིག་གནས་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན། རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པ་འགོ་རྩོམ་པའི་མཛད་སྒོའི་སྟེང་གི་གཙོགནད་གསུང་བཤད་བཅས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ། སྲོལ་རྒྱུན་ཐོན་ལས་བསྒྱུར་བཀོད་རིམ་སྤོར་བྱེད་པར་སྐུལ་འདེད་གཏོང་བ། གཞི་གྲངས་དཔལ་འབྱོར་དར་རྒྱས་གོང་འཕེལ་བཏང་ནས། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་དགོས། ཞིང་ལས་ཞིང་སྡེ་དེང་རབས་ཅན་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་བཏང་ནས། མཉམ་དུ་ཕྱུག་པོར་བསྒྱུར་བར་སྐུལ་འདེད་གཏོང་དགོས། འགོ་ཁུངས་ཀྱི་ཁག་ཁུར་དང་བཞུད་རྒྱུད་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། རང་འགུལ་གྱིས་འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་ཁྲོད་འདྲེས་པར་བྱས་ནས། ཁུལ་ཁོངས་འཕེལ་རྒྱས་ཀྱི་འཕར་སྣེ་གསར་བ་སྐྱེད་སྲིང་བྱེད་དགོས། རང་འགུལ་གྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཛུགས་སྐྲུན་བྱེད་པའི་ཁྲོད་འདྲེས་པར་བྱེད་པ་དང་ཞབས་འདེགས་ཞུ་བ། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་རྣམ་པ་གསར་བའི་ཁྲོད་འདྲེས་པར་བྱས་ཏེ། ནང་ཕྱི་སྒོ་འབྱེད་རྒྱ་སྐྱེད་ཁྲོད་སྒུལ་ཤུགས་ཇེ་ཆེར་གཏོང་བ་དང་གསོན་ཤུགས་ཆེར་བསྐྱེད་དགོས། རྟོག་ཞིབ་གྲུབ་འབྲས་བསྒྱུར་བ་དང་ལེགས་བཅོས་ལས་འགན་ལག་བསྟར་བྱེད་པ་དམ་འཛིན་བྱེད་པ་དང་། མཉམ་འབྲེལ་ས་ཆའི་ལྟ་སྐུལ་ལ་ཤུགས་བསྣན་ནས། བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས།
ཚོགས་ཐོག་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རིམ་བགར་རིགས་བགར་གྱི་སྤྱི་ཚོགས་རོགས་སྐྱོར་བཟང་བོར་སྒྲུབ་པ་དང་། རམ་འདེགས་ཞབས་ཞུའི་འདོན་སྤྲོད་མཐོར་འདེགས་བཏང་སྟེ། དམངས་ཚིས་མཐིལ་ཕྱུང་འགན་སྲུང་གི་བདེ་འཇགས་དྲ་བ་བརྟན་པོ་འཛུགས་དགོས། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་བྱ་བར་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་། གསར་གཏོད་གྲུབ་འབྲས་དེ་མངོན་སུམ་གྱི་ཐོན་སྐྱེད་ནུས་ཤུགས་སུ་བསྒྱུར་ནས། དཔལ་འབྱོར་འཕེལ་རྒྱས་དང་ཐོན་ལས་སྐྱེད་སྲིང་རྨང་འདིང་ཐད་ནུས་པ་འདོན་དགོས།
ཚོགས་ཐོག་ནས་བསྟན་དོན། ད་ལོར། ཞིང་ཆེན་གོང་འོག་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ལ། གོ་སྐབས་དམ་འཛིན་དང་བདེན་འཛིན་དངོས་གཉེར་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱིའི་ཆ་ནས་བརྟན་བརླིང་ཡོང་བ་དང་བརྟན་འཇགས་ཁྲོད་འཕེལ་རྒྱས་སུ་གཏོང་བ། ཕྱིར་འཕར་ཇེ་བཟང་དུ་འགྲོ་བར་སྐུལ་འདེད་བཏང་ལ། དུས་ཚིགས་དང་པོར་གྲུབ་འབྲས་བཟང་བོ་བླངས་པ་དང་། ལོ་སྟོད་དུ་ཕྱོགས་གཉིས་ཐད་ནས་ཕྱེད་བརྒལ་གྱི་རྨང་གཞིའི་སྟེང་། དུས་ཚིགས་གསུམ་པར་རྒྱུན་མཐུད་ངང་བརྟན་འཇགས་འཕར་སྣོན་གྱི་འཕེལ་ཕྱོགས་མངོན་པར་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་བརྟན་བརླིང་ངང་སྐུལ་འདེད་བཏང་།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། མིག་སྔའི་དཔལ་འབྱོར་གནས་བབ་ལ་ཕྱོགས་ཡོངས་ནས་སྟངས་འཛིན་བྱེད་པ། ཡིད་ཆེས་དང་ཆོད་སེམས་སྔར་ལས་ཇེ་བརྟན་དུ་གཏོང་བ། བརྟན་འཇགས་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་བརྟན་འཇགས་ཁྲོད་འཕེལ་རྒྱས་བརྩོན་ལེན་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཕྱོགས་ཡོངས་ནས་ལག་བསྟར་ཡང་དག་དང་ཆ་ཚང་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ཐད་གཅིག་འདོམས་སྔར་ལས་བཟང་བོ་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ལས་འགན་ལ་དམ་དུ་དམིགས་པ། དགོས་མཁོ་རྒྱ་བསྐྱེད་པ་དང་སྒུལ་ནུས་འཕར་སྣོན་བྱེད་པ། ཚད་མཐའ་བརྟན་སྲུང་བྱེད་པའི་སྟེང་ཤུགས་སྔར་ལས་ཆེན་པོ་འདོན་པ། སྟོབས་ཤུགས་ཡོད་རྒུས་བརྟན་འཇགས་འཕར་སྣོན་དང་ལས་ཞུགས་བརྟན་འཇགས། དངོས་གོང་བརྟན་འཇགས་བྱེད་པ། གཙོ་གཞི་དམ་འཛིན་དང་བཟོ་ལས་དམ་འཛིན། དངུལ་གཏོང་དམ་འཛིན་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་འགན་སྲུང་། བདེ་འཇགས་སྲུང་སྐྱོབ་བྱེད་པ། དུས་ཚིགས་བཞི་པར་མཆོང་རྒྱུག་བྱེད་པ་དང་མཇུག་བསྡུའི་བྱ་བ་བཟང་བོར་བསྒྲུབ་ནས། ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་ཕྱོགས་ཡོངས་ནས་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་པ་དང་། གྲུབ་འབྲས་སྔར་ལས་བཟང་བོ་བརྩོན་ལེན་བྱེད་དགོས། ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བོ་བྱེད་པ། རང་གཅུན་ནན་མོ་བྱེད་པའི་བྱ་བའི་རེ་བ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། བྱ་བར་སྐུལ་འདེད་གཏོང་བའི་རང་འགུལ་རང་བཞིན་དང་མདུན་ལྟ་རང་བཞིན། གསར་སྐྲུན་རང་བཞིན་ཇེ་མཐོར་གཏོང་བ། བྱ་བའི་ཞིབ་འཇུག་ལ་ཤུགས་སྣོན་པ། བྱ་བ་ལག་བསྟར་དམ་འཛིན་བྱེད་པ། སྤྱོད་ཚུལ་རྒྱུན་མཐུད་ངང་ལེགས་སྒྱུར་བྱས་ཏེ། བྱ་བའི་ཕན་ནུས་མཐོར་འདེགས་གཏོང་དགོས།
ཚོགས་ཐོག་ནས་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས།
རིན་ཆེན་མཚོས་བསྒྱུར།