《ཞི་ཅིན་ཕིང་གི་གཞི་རིམ་བཅོས་སྐྱོང་སྐོར་གྱི་རྒྱས་བཤད་བཏུས་བསྒྲིགས》དཔེ་སྐྲུན་འགྲེམས་སྤེལ་བྱས།
2023.10.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི། 《ཞི་ཅིན་ཕིང་གི་གཞི་རིམ་བཅོས་སྐྱོང་སྐོར་གྱི་རྒྱས་བཤད་བཏུས་བསྒྲིགས》ཞེས་པའི་དཔེ་ཆ། ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས།

གཞི་རིམ་སྟོབས་ལྡན་དུ་གྱུར་ན་གཞི་ནས་རྒྱལ་ཁབ་སྟོབས་ལྡན་ཏུ་འགྱུར་ཐུབ་པ་དང་གཞི་རིམ་བདེ་ན་གཞི་ནས་གནམ་འོག་བདེ།  ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་གི་སྲིད་སྐྱོང་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་སྲིད་དབང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་མཐོ་ཚད་ནས། ཏང་གིས་གཞི་རིམ་བཅོས་སྐྱོང་ལ་མགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་དེར་ཤུགས་བསྣན་ནས། མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་མང་ཚོགས་ལ་བདེ་སྐྱིད་སྐྲུན་རྒྱུ་དེ་མགོ་རྩོམ་ས་གསར་བ་དང་དོན་འཁྱོལ་བྱེད་སར་བརྩིས་ཏེ། མ་ལག་ཚང་བའི་བཅོས་སྐྱོང་དང་ཁྲིམས་ལྟར་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བཅས་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། གཞི་རིམ་གྱི་སྲིད་དབང་བཅོས་སྐྱོང་ནུས་པ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། མཉམ་སྐྲུན་དང་མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་གྲོང་ཁྱེར་དང་གཞི་རིམ་གྱི་གསོན་ཤུགས་སྔར་ལས་འཕེལ་བར་བྱེད་པ། སྡེ་ཁུལ་གྱི་ནུས་པ་མངོན་སུམ་གྱིས་ཆེ་རུ་གཏོང་བ་བཅས་བྱས་ནས། མང་ཚོགས་ཀྱིས་བདེ་སྡོད་ལས་བརྩོན་བྱེད་པ་དང་སྤྱི་ཚོགས་བརྟན་ལྷིང་གི་རྣམ་པ་བཟང་བོ་ཞིག་ངང་གིས་གྲུབ་པར་བྱས།  བློ་མཐུན་ཞི་ཅིན་ཕིང་གིས་གཞི་རིམ་བཅོས་སྐྱོང་ཐད་གནང་བའི་རྒྱས་བཤད་གལ་ཆེན་རབ་དང་རིམ་པར། གཟིགས་རྒྱང་རིང་བ་དང་ནང་དོན་ཕུན་སུམ་ཚོགས་པ། བསམ་བློ་གཏིང་ཟབ་པ་བཅས་ཀྱི་ཁྱད་ཆོས་ལྡན་པས། ཏང་རྩ་འཛུགས་ཀྱིས་མགོ་ཁྲིད་བྱེད་པའི་རང་སྐྱོང་དང་ཁྲིམས་འཛིན། སྤྱོད་བཟང་གིས་སྐྱོང་བ་བཅས་ཟུང་དུ་སྦྲེལ་བའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་། གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་བྱེད་པ། མི་ཚང་མར་འགན་འཁྲི་ཡོད་པ་དང་མི་ཚང་མས་འགན་གཙང་ལེན་བྱེད་པ། མི་ཚང་མར་ལོངས་སུ་སྤྱོད་རྒྱུ་ཡོད་པ་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་ཐུན་མོང་ཚོགས་པ་འཛུགས་པའི་ཐད་དུ་དོན་སྙིང་ཧ་ཅང་ཆེན་པོ་ལྡན།

《རྒྱས་བཤད་བཏུས་བསྒྲིགས》དེ་ཆེད་དོན་བདུན་ལ་དགར་ཡོད་པ་དང་ཁྱོན་བསྡོམས་རྒྱས་བཤད་ཉིས་བརྒྱ་དང་བཅུ་དྲུག་གིས་གྲུབ་ཡོད་ཅིང་། རྒྱས་བཤད་བཏུས་བསྒྲིགས་ཀྱི་ཁྲོད་དུ། བློ་མཐུན་ཞི་ཅིན་ཕིང་གི2012ལོའི་ཟླ11པའི་ཚེས15ཉིན་ནས2023ལོའི་ཟླ9པའི་ཚེས21ཉིན་བར་གྱི་སྙན་ཞུ་དང་གསུང་བཤད། གསལ་བཤད། རྟེན་འབྲེལ་འཕྲིན་ཡིག ཡིག་ལན། མཛུབ་སྟོན་སོགས་ཚད་ལྡན་ཡིག་ཆ་གལ་ཆེན་བརྒྱ་དང་སུམ་ཅུ་བཏུས་ཡོད། དེའི་ནང་གི་རྒྱད་བཤད་ཁག་ཅིག་ནི་རྒྱལ་ཡོངས་སུ་ཡོངས་བསྒྲགས་བྱེད་ཐེངས་ཐོག་མ་རེད།

བན་དེ་སྐྱབས་ཀྱིས་བསྒྱུར།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།