ལིས་ཆང་དང་ཨན་ཐེན་ཝུན་ཞོང་གཉིས་ཀྱིས་ཀྲུང་གོ་དང་འཇར་པན་བར་ཞི་བདེའི་མཛའ་མཐུན་ཆིངས་ཡིག་བཞག་ནས་ལོ་ཞེ་ལྔ་འཁོར་བའི་ཐད་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།
2023.10.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ་10པའི་ཚེས23ཉིན།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་དང་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཐེན་ཝུན་ཞོང་གཉིས་ཀྱིས་ཀྲུང་གོ་དང་འཇར་པན་བར་ཞི་བདེའི་མཛའ་མཐུན་ཆིངས་ཡིག་བཞག་ནས་ལོ་ཞེ་ལྔ་འཁོར་བའི་ཐད་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ལིས་ཆང་གིས་བསྟན་དོན།   ལོ་ཞེ་ལྔའི་སྔོན་ལ།   རྒྱལ་ཁབ་གཉིས་ཀྱི་རྒན་རབས་མགོ་ཁྲིད་པ་དང་ཆབ་སྲིད་པ་རྣམས་ཀྱིས་ཀྲུང་གོ་དང་འཇར་པན་བར་ཞི་བདེ་མཛའ་མཐུན་ཆིངས་ཡིག་འཇོག་རྒྱུའི་འཐབ་ཇུས་ཐག་གཅོད་བྱས།   ཆིངས་ཡིག་གིས་བཅའ་ཁྲིམས་ཀྱི་རྣམ་པ་བརྒྱུད་དེ་ཀྲུང་གོ་དང་འཇར་པན་བར་ཞི་བདེ་མཉམ་གནས་དང་མི་རབས་ནས་མི་རབས་བར་མཛའ་མཐུན་ཡོང་བའི་ཁ་ཕྱོགས་ཆེན་པོ་གཏན་འཁེལ་བྱས་པ་དང་།    བཙན་དབང་རིང་ལུགས་ལ་ངོ་རྒོལ་བྱེད་རྒྱུ་ནན་སྟོན་བྱས་ཡོད་པས།  དེ་ནི་རྒྱལ་ཁབ་གཉིས་ཀའི་འབྲེལ་བ་འཕེལ་རྒྱས་འགྲོ་བའི་ཁྲོད་ཀྱི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཏུ་གྱུར།     ལོ་ཞེ་ལྔའི་རིང་ལ།   ཀྲུང་གོ་དང་འཇར་པན་གྱི་འབྲེལ་བས་ཐོབ་སླ་མོ་མིན་པའི་འཕེལ་རྒྱས་གྲུབ་འབྲས་བླངས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད་པར་མ་ཟད།    ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས།  དར་རྒྱས་བཅས་ཀྱི་ཐད་བྱས་རྗེས་ཆེན་པོ་བཞག

ལིས་ཆང་གིས་བསྟན་དོན།   ཀྲུང་གོ་ཕྱོགས་ཀྱིས་འཇར་པན་ཕྱོགས་དང་མཉམ་དུ་ཆིངས་ཡིག་གི་དགོངས་དོན་བསྐྱར་དྲན་བྱེད་པ་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་ཡང་དག་པའི་ཁ་ཕྱོགས་དམ་འཛིན་བྱས་ཏེ་དུས་རབས་གསར་བའི་བླང་བྱ་དང་མཐུན་པའི་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་འཛུགས་པར་ནུས་ཤུགས་འབུལ་འདོད་ཡོད།

ཨན་ཐེན་ཝུན་ཞོང་གིས་བསྟན་དོན།   འཇར་པན་དང་ཀྲུང་གོ་གཉིས་ཀྱི་ཞི་བདེ་མཛའ་མཐུན་ཆིངས་ཡིག་གིས་རྒྱལ་ཁབ་གཉིས་བར་གྱི་ཡུན་རིང་གི་ཞི་བདེ་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་གསལ་བོར་བྲིས་ཡོད།  ལོ་ཞེ་ལྔའི་རིང་ལ།    ཕྱོགས་གཉིས་ཀྱིས་དེ་ཁྲིད་སྟོན་བྱས་ནས་འཇར་པན་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་རྨང་གཞི་བརྟན་པོ་བཏིངས་པ་དང་།  རྒྱལ་ཁབ་གཉིས་ཀྱི་ཞི་བདེ་མཛའ་མཐུན་འབྲེལ་བར་སྲུང་སྐྱོབ་དང་འཕེལ་རྒྱས་སུ་བཏང་།    འཇར་པན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀས་ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་དར་རྒྱས་ཐད་འགན་འཁྲི་ཆེན་པོ་ཁུར་ཡོད་པ་དང་། ཁྱབ་ཁོངས་མང་བོར་མཉམ་ལས་ཀྱི་སྦས་ཤུགས་ཆེན་པོ་ཡོད་པས།   ཕྱོགས་གཉིས་ཀྱིས་འཛུགས་སྐྲུན་རང་བཞིན་དང་བརྟན་འཇགས་ཀྱི་འཇར་པན་དང་ཀྲུང་གོའི་འབྲེལ་བ་མཉམ་དུ་འཛུགས་པར་དོན་སྙིང་གལ་ཆེན་ལྡན།   འཇར་པན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཆིངས་ཡིག་གི་དགོངས་དོན་བསྐྱར་དྲན་བྱས་ཏེ་འཇར་པན་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་འགྲོ་བར་ཧུར་ཐག་གིས་སྐུལ་འདེད་གཏོང་འདོད་ཡོད།

                                                                        ལྷ་མོ་ཚེ་རིང་གིས་བསྒྱུར།