ཝང་ཧུའུ་ཉིང་གིས་ཕ་ཁི་སི་ཐན་གྱི་གྲོས་ཁང་གོང་མའི་ཀྲུའུ་ཞི་སང་ཅི་ལཱ་ཉི་ལ་མཇལ་འཕྲད་གནང་།
2023.10.24 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 20

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས་ཉེར་གསུམ་ཉིན་པེ་ཅིང་དུ་ཕ་ཁི་སི་ཐན་གྱི་གྲོས་ཁང་གོང་མའི་ཀྲུའུ་ཞི་སང་ཅི་ལཱ་ཉི་ལ་མཇལ་འཕྲད་གནང་།

ཝང་ཧུའུ་ཉིང་གིས་བསྟན་དོན།   ཀྲུང་གོ་དང་ཕ་ཁི་སི་ཐན་ནི་གོ་རིམ་ཧྲིལ་བོའི་འཐབ་ཇུས་མཉམ་ལས་ཟླ་གྲོགས་དང་གྲོགས་པོ་བཟང་བོ་ཡིན།  ཟླ་འཁོར་སྔོན་མར།  ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ལི་ཁ་ཁ་ཨར་གཉིས་ཀྱིས་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་འབྲེལ་བའི་འཕེལ་རྒྱས་དང་སྤུས་ཚད་མཐོན་པོས་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་མཉམ་འཛུགས་བྱེད་པའི་ཐད་བསམ་འཆར་བརྗེ་རེས་ཟབ་མོ་གནང་།    ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་ཕྱོགས་དང་མཉམ་དུ།  རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་ཐུན་མོང་ངོས་འཛིན་སྔར་ལས་དོན་འཁྱོལ་བཟང་བོ་བྱེད་པ་དང་།   མཐོ་རིམ་བར་གྱི་བརྗེ་རེས་དང་འཐབ་ཇུས་མཐུན་སྦྱོར་དམ་ཟབ་ཏུ་གཏོང་བ།   ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་བཅས་བྱས་ཏེ་དུས་རབས་གསར་པའི་སྔར་ལས་དམ་ཟབ་ཀྱི་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་མགྱོགས་མྱུར་ངང་བསྐྲུན་འདོད་ཡོད།  ཀྲུང་གོ་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཕ་ཁི་སི་ཐན་ཕྱོགས་དང་མཉམ་དུ་རྒྱལ་སྐྱོང་སྲིད་འཛིན་ཉམས་མྱོང་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་བཟུང་སྟེ་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་མཉམ་ལས་ཐད་ཁོར་ཡུག་བཟང་བོ་བསྐྲུན་པ་དང་དྲང་ནུས་སྔར་ལས་མང་པོ་གཅིག་བསྡུས་བྱེད་འདོད་ཡོད།

སང་ཅི་ལཱ་ཉི་ཡིས་བསྟན་དོན།   ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་དང་མིག་རྒྱང་རིང་བོའི་མཁྱེན་རབ་ལ་དད་གུས་དང་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཆེན་པོའི་ཁག་ཁུར་མངོན་པར་བྱས་པར་བསྟོད་བསྔགས་བྱེད་བཞིན་ཡོད།  ཕ་ཁི་སི་ཐན་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་རྩ་དོན་བརྟན་སྲུང་བྱེད་པ་དང་།  ཀྲུང་གོ་ཕྱོགས་དང་མཉམ་དུ་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ་ཕ་ཁི་སི་ཐན་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་བརྩེ་རྒྱུན་འཛིན་བྱེད་ངེས།

ཧྲི་ཐའེ་ཧྥིན་དང་ཝང་ཡུང།   ཝང་ཏུང་ཧྥིན་བཅས་མཇལ་འཕྲད་ལ་ཞུགས།

                                                                                                      ལྷ་མོ་ཚེ་རིང་གིས་བསྒྱུར།