ཞིང་ཆེན་དང་པུའུ་ཡིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་མཉམ་སྐྲུན་བྱེད་པའི་དྲིལ་སྒྲོག་ངོ་སྤྲོད་བྱ་འགུལ་པེ་ཅིང་དུ་སྤེལ།
2023.10.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ་བཅུ་པའི་ཚེས་ཉེར་གསུམ་ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་ཞིང་ལས་ཞིང་སྡེ་པུའུ་ཡིས་པེ་ཅིང་ནས་ཞིང་ཆེན་དང་པུའུ་ཡིས་མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་མཉམ་སྐྲུན་བྱེད་པའི་དྲིལ་སྒྲོག་ངོ་སྤྲོད་བྱ་འགུལ་སྤེལ། ཞིང་ལས་ཞིང་སྡེ་པུའུ་ཡི་པུའུ་ཀྲང་གཞོན་པ་མཱ་ཡོའུ་ཞང་བྱ་འགུལ་ལ་ཞུགས་པར་མ་ཟད་ཤིས་ཚིག་ཕུལ་བ་དང་། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྱིས་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ངོ་སྤྲོད་བྱས།

2021ལོར་ཕྱིར་གཏོང་བྱེད་ས་འཛུགས་སྐྲུན་བྱེད་འགོ་བརྩམས་པའི་ཚུན་དུ། ཞིང་ཆེན་དང་པུའུ་ཡིས་མཐོ་གནས་ནས་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་པ་དང་། མཉམ་འཛུགས་གཏིང་ཟབ་བྱས་ལ། འགུལ་སྐྱོད་ཇུས་གཞི་དང་ཆེད་དོན་འཆར་འགོད་མཉམ་དུ་གཏན་འབེབས་བྱས་པར་མ་ཟད་ལག་བསྟར་བཟང་བོ་བྱས་པས། ཕྱིར་གཏོང་བྱེད་སས་སྤུས་ཚད་མཐོར་འདེགས་གཏོང་བ་དང་གྲངས་ཚད་བརྟན་འཇགས་གཏོང་བ། མུ་ཐག་ཁ་གསབ་བྱེད་པ། སྐྱེལ་འདྲེན་རྒྱ་སྐྱེད་པ་སོགས་ཕྱོགས་ནས་གྲུབ་འབྲས་མངོན་གསལ་བླངས་པ་དང་། ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་བརྟན་བརླིང་ངང་ཇེ་དྲག་ཏུ་བཏང་ཞིང་། ལྗང་མདོག་འཕེལ་རྒྱས་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ་དང་། མཚོ་སྔོན་གྱི་ཐོན་རྫས་ཕྱིར་གཏོང་བའི་ལམ་བུ་གེགས་མེད་དུ་བཏང་ལ། ནོར་གནག་དང་བོད་ལུག ནས། ཞོག་ཁོག སྐེ་ཚེ། འཁྱག་ཆུ་ཉ་སོགས་ཁྱད་ལྡན་སྤུས་ལེགས་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་སའི་མིང་བྱང་གྲགས་ཅན་དུ་གྱུར་ཡོད།

ཐེངས་འདིའི་དྲིལ་སྒྲོག་ངོ་སྤྲོད་བྱ་འགུལ་གྱིས་གཙོ་བོར་མཚོ་སྔོན་ཞིང་ཆེན་གྱི་ཞིང་སྡེ་ཐོན་ལས་དང་མཐོ་སྒང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཁྱད་ཆོས་སུ་བརྩིས་ནས། གཅིག་བསྡུས་སྒོས་མཚོ་སྔོན་གྱི་འགུག་ཤུགས་ཆེན་པོ་ལྡན་པའི་མཐོ་སྒང་གི་དེང་རབས་ཞིང་སྡེའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་ཐོན་རྫས་གསར་བ་དང་གྲུབ་འབྲས་གསར་བ་འགྲེམ་སྟོན་བྱས་ལ། སྒོ་འབྱེད་མཉམ་ལས་དང་ཐོན་ལས་སྣེ་ཁྲིད། དངུལ་གཏོང་ཉོ་ཚོང་སོགས་བྱེད་ཐབས་དང་། ཆེད་དོན་ངོ་སྤྲོད་དང་ཐད་གཏོང་དངོས་ཚོང་། ཐོན་རྫས་དཔྱད་འབེབས་བརྟག་འབྱེད། གློག་ཚོང་འགྲེམ་འཚོང་། གསོ་སྦྱོང་ལྟ་སྦྱོང་སོགས་རྣམ་པ་མང་པོ་བརྒྱུད་དེ། ཁྱད་ལྡན་ཞིང་ཕྱུགས་ཐོན་ལས་མཉམ་ལས་དང་བརྗེ་རེས་ལ་སྐུལ་འདེད་བཏང་བ་དང་། དག་གཙང་མཚོ་སྔོན་དང་མཐོ་སྒང་གི་སྤུས་ལེགས་ཐོན་རྫས་ཀྱི་ཁྱད་ལྡན་ཞིང་ཕྱུགས་ལས་ཚོང་རྟགས་ཀྱི་མཚན་མིང་ཇེ་མཐོར་བཏང་ནས། མཚོ་སྔོན་རྟགས་ཅན་གྱི་ཞིང་ཕྱུགས་ཐོན་རྫས་སྔར་ལས་མང་པོ་མཐོ་སྒང་ནས་ཕྱིར་གཏོང་བ་དང་རྒྱལ་ཡོངས་སུ་བསྐྱོད་ཐུབ་པར་བྱས།

བྱ་འགུལ་འགོ་རྩོམ་པའི་མཛད་སྒོའི་སྟེང་། མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱི་འགན་ཁུར་མི་སྣ་གཙོ་བོས་ཕྱིར་གཏོང་བྱེད་ས་གསར་སྐྲུན་བྱེད་པའི་བྱ་བ་སྤེལ་བའི་གནས་ཚུལ་ངོ་སྤྲོད་བྱས་པ་དང་། ངོ་སྤྲོད་ཚོགས་འདུར་ཞུགས་པའི་འབྲེལ་ཡོད་ས་ཁུལ་དང་ཁེ་ལས་ཀྱིས་བརྗེ་རེས་གཏམ་བཤད་བྱས།

རིན་ཆེན་མཚོས་བསྒྱུར།