ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་ཁྲོད། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་པ་དང་། ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས། བསླབ་ནས་ལས་ལ་སྐུལ་བ་རྒྱུན་འཁྱོངས་བྱས་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལམ་ལུགས་མ་ལག་འཐུས་ཚང་དུ་བཏང་བ་དང་ལྗང་མདོག་སྐྱེ་ཁམས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་ལ། དམངས་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འདུ་ཤེས་སྐྱེད་སྲིང་བྱས་པས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་མངོན་གསལ་བླངས།
རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་གཙོ་ཤུགས་དམག་དང་གདོན་ལེན་རུ་ཁག་ཡིན་པའི་ཆ་ནས། ཡུས་ཧྲུའུ་ཁུལ་གྱིས་སྔ་གཞུག་ཏུ་ཡུས་ཧྲུའུ་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཡར་སྐུལ་སྲོལ་ཡིག་དང་ཡུས་ཧྲུའུ་ཁུལ་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་བྱེད་ཐབས་འགའ་སོགས་སྲོལ་ཡིག་བྱེད་ཐབས་གཏན་འབེབས་བྱས་ནས་ཕྱིར་བཏོན་པ་དང་། ཡུས་ཧྲུའུ་ཁུལ་གྱི་མཁའ་དབུགས་དང་ཆུ། ས་ཞིང་བཙོག་བཅོ་འགོག་བཅོས་ཇུས་གཞི་སྒྲིག་བཟོ་བྱས་ནས། རྡོ་སོལ་དང་ཆུའི་འགོ་ཁུངས། མཁའ་དབུགས་ངོས་ཁུངས་ཀྱི་བཙོག་བཟོ་བཅོས་སྐྱོང་ལ་གཅིག་འདོམས་བྱས་པ་དང་། བཏུང་ཆུའི་ཆུ་ཁུངས་ས་ཆར་སྲུང་སྐྱོབ་བྱེད་པ་དང་ཆུ་རྐའི་བཙོག་ཆུ་འདོན་ས་དང་རྫོང་རིམ་པའི་གྲོང་ཁྱེར་གྱི་བཙོག་ཆུ་ལ་ཞིབ་བཤེར་བྱེད་པ། ས་ཞིང་བཙོག་བཟོར་ཕྱོགས་བསྡུས་འགོག་སྡོམ་བྱེད་པ་མ་ཟད། ཁོངས་ཡོངས་སུ་གད་སྙིགས་མེད་པ་དང་ཆུ་ཤོག་བཀོལ་བར་བཀག་འགོག་བྱས་ནས་གད་སྙིགས་ཇེ་ཉུང་དུ་་གཏོང་བའི་ཆེད་དོན་འགུལ་སྐྱོད་རྒྱུན་མཐུད་ངང་སྤེལ།
སྔ་གཞུག་ཏུ་བཞུར་རྒྱུད་ཀྱི་སྐྱེ་ཁམས་བཅོས་སྐྱོང་དང་ཆུའི་འགོ་ཁུངས་ཀྱི་གསོག་བསྐྱིལ། ལྗང་སྒྱུར་ཆུ་གཏོང་། གཏེར་རི་སླར་གསོ་དང་བཅོས་སྐྱོང་ལས་འགན་ལག་བསྟར་བྱས་པ་དང་། དེའི་ཐད་དུ་མ་དངུལ་སྒོར་དུང་ཕྱུར་བདུན་དང་བྱེ་བ་གཉིས་བཏང་། འབྲི་ཆུ་དང་རྨ་ཆུ། རྫ་ཆུའི་བཞུར་རྒྱུད་ཀྱི་མཚོ་སྔོན་དང་བོད་ལྗོངས། སི་ཁྲོན། ཡུན་ནན་གྱི་ཁུལ་དང་གྲོང་ཁྱེར་ལྔའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་བཙུགས་པ་དང་། རྨ་འབྲི་རྫ་གསུམ་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་མཉམ་འབྲེལ་ཁྲིམས་འཛིན་དང་ཆ་འཕྲིན་མཉམ་སྤྱོད་སོགས་ཀྱི་མཉམ་ལས་མཉམ་འབྲེལ་རྐྱེན་སྲོལ་བཙུགས། སྔོན་དུ་ཁོངས་ཡོངས་སུ་གད་སྙིགས་མེད་པ་དང་ཆུ་ཤོག་བཀོལ་བ་བཀག་ནས་བཙོག་བཟོ་ཇེ་ཉུང་དུ་གཏོང་བའི་ཆེད་དོན་འགུལ་སྐྱོད་སྤེལ་བ་དང་། ཁོངས་ཡོངས་ལྔའི་ཁོར་ཡུག་བཅོས་སྐྱོང་མ་དཔེ་འཚོལ་ཞིབ་བྱས་ནས། ཡང་བསྐྱར་བཀོལ་ཆོག་པ་དང་ཁྱབ་གདལ་དུ་བཏང་ཆོག་པའི་ཡུས་ཧྲུའུ་ཡི་ཉམས་མྱོང་གྲུབ་པར་བྱས།
རིན་ཆེན་མཚོས་བསྒྱུར།