ཀྲའོ་ལི་ཅི་ཡིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དྲུག་པའི་མཇུག་སྒྲིལ་ཚོགས་འདུར་འགོ་འཛིན་བྱས་པར་མ་ཟད་གསུངས་བཤད་གནང་།
2023.10.25 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 100

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པ་ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་མཇུག་སྒྲིལ་གྲོས་ཚོགས་ལ་འགོ་འཛིན་མཛད།   

གྲོས་ཚོགས་སྟེང་བརྡས་ཐག་བཅད་པ་བརྒྱུད་དེ་གསར་དུ་བཟོ་བཅོས་བྱས་པའི་རྒྱ་མཚོའི་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་དང་རྒྱལ་གཅེས་རིང་ལུགས་སློབ་གསོའི་བཅའ་ཁྲིམས་གཉིས་ལ་གྲོས་འཆམ་བྱུང་བ་དང་།   ལིས་ཧྲང་ཧྥུའུ་ཡི་རྒྱལ་སྲིད་ཨུ་ཡོན་གྱི་གོ་གནས་དང་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་གི་གོ་གནས་ལེན་རྒྱུ་དང་།  ཆིན་ཀང་གི་རྒྱལ་སྲིད་ཨུ་ཡོན་གྱི་གོ་གནས་ལེན་རྒྱུ། ཝང་ཀྲི་ཀང་གི་ཚན་རིག་ལག་རྩལ་པུའུ་ཡི་པུའུ་ཀྲང་གི་གོ་གནས་ལེན་རྒྱུ་དང་།   དབྱིན་ཧི་ཅུན་ཚན་རིག་ལག་རྩལ་པུའུ་ཡི་པུའུ་ཀྲང་ལ་བསྐོ་འཇོག་བྱ་རྒྱུ།  ལིའུ་ཁུན་གྱི་ནོར་སྲིད་པུའུ་ཡི་པུའུ་ཀྲང་གི་གོ་གནས་ལེན་རྒྱུ་དང་།    ལན་ཧྥོ་ཨན་ནོར་སྲིད་པུའུ་ཡི་པུའུ་ཀྲང་ལ་བསྐོ་འཇོག་བྱ་རྒྱུ་བཅས་ཐག་བཅད།

གྲོས་ཚོགས་སྟེང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་བུན་འཕར་འགྲེམ་དང་ཉིས་སྟོང་ཉེར་གསུམ་ལོའི་ཀྲུང་དབྱང་གི་སྔོན་རྩིས་ལེགས་སྒྲིག་ཇུས་གཞིར་ཆོག་མཆན་འགོད་པའི་སྐོར་གྱི་གྲོས་ཆོད་དང་། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གསར་དུ་ཁ་སྣོན་བྱས་པའི་ས་གནས་སྲིད་གཞུང་ཁ་ཤས་ཀྱི་བུ་ལོན་གྲངས་ཚད་སྔོན་ལ་སྟེར་བའི་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་།

གྲོས་ཚོགས་སྟེང་རྒྱལ་ཡོངས་དམངས་ཆེན་ལྟ་ཞིབ་དང་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་དང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་།   ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་།   སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་སོ་སོར་བཏོན་པའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་སྤྲད་པའི་འཐུས་མིས་བཏོན་པའི་གྲོས་གཞིར་གྲོས་ཞིབ་བྱས་པའི་མཇུག་འབྲས་སྐོར་གྱི་སྙན་ཞུ་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་།

གྲོས་ཚོགས་སྟེང་བརྡས་ཐག་བཅད་པ་བརྒྱུད་དེ།  ལིས་ཧྲང་ཧྥུའུ་ཡི་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་གོ་གནས་ལེན་རྒྱུ་དང་ལིའུ་ཧྲའོ་ཡུན་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དམག་དོན་ཁྲིམས་ཁང་གི་ཡོན་ཀྲང་ལ་བསྐོ་འཇོག་བྱ་རྒྱུ་ཐག་བཅད།

གྲོས་ཚོགས་སྟེང་ད་རུང་གོ་གནས་བསྐོ་འཐེན་སྐོར་གྱི་གྲོས་གཞི་གཞན་དག་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་།

མཇུག་སྒྲིལ་ཚོགས་འདུའི་རྗེས་སུ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་འཆད་ཁྲིད་ཐེངས་བདུན་པ་སྤེལ་བ་དང་། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་འགོ་འཛིན་གནང་། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཁོངས་མི། ཀྲུའུ་རིན་གཞོན་པ་ལིས་ཁྲུན་ལིན་གྱིས《ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ནུས་ཁུངས་མ་ལག་གསར་བ་མགྱོགས་མྱུར་སྒོས་གཏོད་རྒྱུར་མཛུབ་ཁྲིད་བྱེད་དགོས》ཞེས་པ་བརྗོད་སྙིང་དུ་བཟུང་ནས་འཆད་ཁྲིད་བྱས།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚེས24ཉིན་གྱི་ཕྱི་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས།

ཤ་བོ་གསེར་མཚོས་བསྒྱུར།