ཧན་ཀྲིན་གྱིས་འབྲུག་ཡུལ་གྱི་ཕྱི་འབྲེལ་བློན་ཆེན་ལ་ཐུག་འཕྲད་བྱས།
2023.10.25 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 34

ཟླ10པའི་ཚེས24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ་འབྲུག་ཡུལ་གྱི་ཕྱི་འབྲེལ་བློན་ཆེན་རྟ་མགྲིན་རྡོ་རྗེ་ལ་ཐུག་འཕྲད་བྱས།

ཧན་ཀྲིན་གྱིས་བསྟན་དོན། ཀྲུང་གོ་དང་འབྲུག་ཡུལ་ནི་རི་ཆུ་འབྲེལ་བའི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་། རྒྱལ་ཁབ་གཉིས་བར་ཕྱི་ཕྱོགས་འབྲེལ་བ་བཙུགས་མེད་ཀྱང་མཛའ་མཐུན་གྱི་འགྲོ་འོང་ཡུན་རིང་རྒྱུན་འཁྱོངས་བྱས་ཡོད། ཉེ་བའི་ལོ་ཤས་རིང་ཕྱོགས་གཉིས་ཀྱིས་མཐའ་མཚམས་གྲོས་མོལ་སླར་གསོ་བྱ་རྒྱུ་ཚབ་མཚོན་དུ་བྱས་ཏེ་མཐའ་མཚམས་གྲོས་མོལ་ལམ་སྲོལ་ལ་བརྟེན་ནས་ཀྲུང་གོ་དང་འབྲུག་ཡུལ་གྱི་འབྲེལ་བ་གོང་འཕེལ་ཡག་པོ་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། ཀྲུང་གོ་དང་འབྲུག་ཡུལ་གཉིས་ཀྱིས་མཛའ་མཐུན་འབྲེལ་བར་ཤུགས་སྣོན་པ་དང་མཉམ་ལས་རྒྱ་ཆེར་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་ཀྱི་རྩ་བའི་ཁེ་ཕན་དང་མི་དམངས་ཀྱི་རེ་སྒུག་དང་མཐུན། ཀྲུང་གོ་ཕྱོགས་ཀྱིས་སྔར་བཞིན་འབྲུག་ཡུལ་གྱི་རང་བཙན་དང་བདག་དབང་། མངའ་ཁོངས་ཆ་ཚང་བཅས་ལ་བརྩི་འཇོག་བྱ་རྒྱུ་དང་། འབྲུག་ཡུལ་བར་གྱི་རིམ་པ་སོ་སོ་དང་ཁྱབ་ཁོངས་སོ་སོའི་འཚམས་འདྲི་དང་བརྗེ་རེས་ལ་ཤུགས་སྣོན་པ། དཔལ་འབྱོར་ཚོང་དོན་དང་། རིག་གནས། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་རྒྱ་ཆེར་གཏོང་བ། ཀྲུང་གོ་དང་འབྲུག་ཡུལ་གྱི་ས་མཚམས་འབྱེད་པ་དང་ཕྱི་ཕྱོགས་འབྲེལ་བ་འཛུགས་པའི་འཕེལ་རིམ་ལ་སྐུལ་འདེད་མགྱོགས་པོ་གཏོང་རྒྱུ་བཅས་བྱས་ནས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་གསུངས།

རྟ་མགྲིན་རྡོ་རྗེ་ཡིས་བསྟན་དོན། འབྲུག་ཡུལ་སྲིད་གཞུང་གིས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ནན་མོ་བྱེད་ཀྱིན་ཡོད། འབྲུག་ཡུལ་དང་ཀྲུང་གོས་སྔ་མོ་ནས་ས་མཚམས་འབྱེད་རྒྱུ་དང་ཕྱི་ཕྱོགས་འབྲེལ་བ་འཛུགས་རྒྱུའི་རེ་འདུན་ཟོལ་མེད་དང་ཆོད་སེམས་བརྟན་པོ་ཡོད་ལ། ཀྲུང་གོའི་བར་གྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཀྱི་རྣམ་པ་བཟང་བོ་རྒྱུན་འཁྱོངས་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སྔར་ལས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཤ་བོ་གསེར་མཚོས་བསྒྱུར།