ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མཚན་བཀོད།
2023.10.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 110

ཉིན་འགའི་སྔོན་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མཚན་བཀོད་དེ། 《ནར་མ་སོན་པའི་མིའི་དྲ་རྒྱའི་སྲུང་སྐྱོབ་སྲོལ་ཡིག》ཅེས་པ་ཁྱབ་བསྒྲགས་བྱས་པ་དང་། སྲོལ་ཡིག་དེ་2024ལོའི་ཟླ་དང་པོའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་རེད།

《སྲོལ་ཡིག》དེར་ཁྱོན་བསྡོམས་ལེའུ་བདུན་དང་དོན་ཚན་དྲུག་ཅུ་ཡོད་ཅིང་། དེའི་ནང་དོན་གཙོ་བོ་ནི། གཅིག་ནས་ནར་མ་སོན་པའི་མིའི་དྲ་རྒྱའི་སྲུང་སྐྱོབ་སྒྲིག་སྲོལ་དང་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་རྒྱུ་དང་། གཉིས་ནས་ནར་མ་སོན་པའི་མི་དྲ་རྒྱར་འཇུག་པའི་བྱང་ཚད་ལ་ཡར་སྐུལ་བྱས་ནས། དྲ་རྒྱའི་བྱང་ཚད་སློབ་གསོ་དེ་སློབ་གྲྭའི་བྱང་ཚད་སློབ་གསོའི་ནང་དོན་དུ་འཇུག་རྒྱུ། གསུམ་ནས་དྲ་རྒྱའི་ཆ་འཕྲིན་གྱི་ནང་དོན་འཛུགས་སྐྲུན་ལ་ཤུགས་བསྣན་ནས། རྩ་འཛུགས་དང་མི་སྒེར་གང་རུང་གིས་ནར་མ་སོན་པའི་མི་ལ་དྲ་ལམ་ནས་བརྙས་བཅོས་བྱེད་པའི་སྦྱོར་བ་ངན་པ་སྤེལ་མི་ཆོག་པ། བཞི་ནས་ནར་མ་སོན་པའི་མིའི་མི་སྒེར་གྱི་ཆ་འཕྲིན་ལ་སྲུང་སྐྱོབ་བྱ་རྒྱུ། ལྔ་ནས་ནར་མ་སོན་པའི་མི་དྲ་བར་མགོ་འཁོར་བའི་གནས་སྟངས་ལ་འགོག་བཅོས་བྱས་ཏེ། དྲ་རྒྱའི་རོལ་རྩེད་ཞབས་ཞུ་མཁོ་འདོན་བྱེད་མཁན་གྱིས། ནར་མ་སོན་པའི་མི་དྲ་བར་མགོ་འཁོར་བ་ལ་སྔོན་འགོག་བྱེད་པའི་རོལ་རྩེད་སྒྲིག་སྲོལ་འཛུགས་པ་དང་དེ་སྔར་ལས་འཐུས་ཚང་དུ་བཏང་ནས། རོལ་རྩེད་ཐོན་རྫས་ལ་རིགས་དགར་རྒྱུ་དང་ལོ་ཚད་ལ་དྲན་སྐུལ་བྱེད་དགོས་པ་བཅས་རེད།

བན་དེ་སྐྱབས་ཀྱིས་བསྒྱུར།